ཞིང་ཆེན་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱི་བོད་རྒྱ་སྐད་གཉིས་ཀྱི་ནུས་པ་ཆེ་རུ་གཏོང་བའི་གསོ་སྦྱོང་འཛིན་གྲྭ་འཚོགས་མགོ་བརྩམས་པ།
བོད་འབྲེལ་ས་ཁུལ་གྱི་ཞིབ་དཔྱོད་ལས་བྱེད་ཉེན་རྟོག་པའི་བོད་རྒྱ་སྐད་གཉིས་ཀྱི་བྱང་ཚད་མཐོ་རུ་གཏོང་བ་དང་། སྤུས་ཚད་མཐོ་བའི་སྒོ་ནས་གྱོད་གཞི་ཚང་མ་ཡག་པོར་སྒྲུབ་པའི་ནུས་པ་ཆེ་རུ་གཏོང་ཆེད། ཟླ12པའི་ཚེས10ཉིན་ཞིང་ཆེན་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱི་བོད་རྒྱ་སྐད་གཉིས་ཀྱི་ནུས་པ་ཆེ་རུ་གཏོང་བའི་གསོ་སྦྱོང་འཛིན་གྲྭ་དེ་རྒྱལ་ཁབ་ཞིབ་དཔྱོད་སློབ་ཆེན་མཚོ་སྔོན་ཡན་ལག་སློབ་གླིང་དུ་འཚོགས་མགོ་བརྩམས།
ཐེངས་འདིའི་གསོ་སྦྱོང་འཛིན་གྲྭའི་དུས་ཡུན་ཉིན5ཡིན་པ་དང་། གསོ་སྦྱོང་གི་ནང་དོན་ལ་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་གསལ་འགྲེལ་དང་། བོད་འབྲེལ་ས་ཁུལ་གྱི་ཁྲིམས་སྐྱོང་འཛུགས་སྐྲུན། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་གཏོང་སློབ་གསོ། བཅའ་ཁྲིམས་ཤེས་བྱ་ཡིག་སྒྱུར་སོགས་འདུས་ཡོད་པ་དང་། ཞིང་ཆེན་ཡོངས་ཀྱི་ཁུལ་དྲུག་གི་ཞིབ་དཔྱོད་ལས་ཁུངས་ཀྱི་ཞིབ་དཔྱོད་ལས་བྱེད་ཉེན་རྟོག་པ30ལྷག་གསོ་སྦྱོང་ལ་ཞུགས། ཁུལ་དྲུག་གི་ཞིབ་དཔྱོད་ལས་ཁུངས་ཀྱིས་བོད་རྒྱ་སྐད་གཉིས་ཀྱི་ཞིབ་དཔྱོད་ཤེས་ལྡན་མི་སྣ་གསོ་སྐྱོང་ལ་ཤུགས་སྣོན་པ་དང་། ཁྲིམས་རའི་འདྲི་གཅོད་དང་བོད་རྒྱ་སྐད་གཉིས་ཀྱི་གཏུག་བཤེར་ལས་སྒོའི་འགྲན་བསྡུར་ལ་ལྟ་སྦྱོང་བྱེད་པ་སོགས་བྱེད་ཐབས་སྣ་ཚོགས་བརྒྱུད། བཅའ་ཁྲིམས་ཀྱི་རྨང་གཞི་ཟབ་པ་དང་། སྐད་གཉིས་ཀྱི་ཤེས་བྱ་བྱང་ཆུབ་པ། སྐད་གཉིས་ཀྱི་གཏུག་བཤེར་ནུས་པ་ཆེ་བ། ཆུ་ཚད་ཅུང་མཐོ་བ་བཅས་ཀྱི་བོད་རྒྱ་སྐད་གཉིས་ཀྱི་ཞིབ་དཔྱོད་ཤེས་ལྡན་མི་སྣ་ཁག་ཅིག་གསོ་སྐྱོང་ལེགས་པོ་བྱ་རྒྱུ་རེད།
གསོ་སྦྱོང་ལ་ཞུགས་པའི་སློབ་མ་ཚོས་ཆབ་སྲིད་ཀྱི་རང་རྟོགས་ཆེ་རུ་གཏོང་བ་དང་ཁྲིམས་སྐྱོང་གི་བསམ་ཕྱོགས་ཇེ་ཟབ་ཏུ་བཏང་ནས། ཏང་གཤིས་བློ་སྦྱོང་རྒྱུན་ཆད་མེད་པར་ཇེ་བརྟན་དུ་གཏོང་བ་དང་། སྐད་གཉིས་ཀྱི་ནུས་པ་ཆེ་རུ་གཏོང་བ། བསམ་ཕྱོགས་དང་མཐོང་རྒྱ་ཆེ་རུ་གཏོང་བ། ཤེས་བྱའི་གྲུབ་ཆ་འཐུས་ཚང་དུ་གཏོང་བ། བོད་རྒྱ་སྐད་གཉིས་ཀྱི་ཐོག་ནས་ཁྲིམས་རར་ཞུགས་པའི་གཞུང་གཏུག་དང་ཡིག་ཆ་བཟོ་བ་སོགས་ཀྱི་ནུས་པ་ཆེ་རུ་གཏོང་བ། བོད་རྒྱ་སྐད་གཉིས་ཀྱི་ཐོག་ནས་གཏུག་བཤེར་བྱེད་པའི་ཆུ་ཚད་མཐོ་རུ་གཏོང་བ། བོད་འབྲེལ་ས་ཁུལ་གྱི་ཁྲིམས་སྐྱོང་འཛུགས་སྐྲུན་གྱི་གནས་བབ་གསར་པ་དང་ལས་འགན་གསར་པ་དང་འཚམ་པ་བཅས་བྱས་ཏེ། བོད་འབྲེལ་ས་ཁུལ་དུ་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་ཕྱོགས་ཡོངས་ནས་སྐུལ་འདེད་གཏང་ཆེད་ཞིབ་དཔྱོད་ཀྱི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་བསྟན།