མདུན་ངོས། བློ་སྟོན་ཁྲིམས་ཁང་། བཅའ་ཁྲིམས་རྒྱུན་ཤེས། གངས་ལྗོངས་ཁྲིམས་ར། དཔེ་མཚོན་གྱོད་དཔེ། རྩོམ་རིག བརྙན་ཟློས།

རྒྱལ་ཁབ་ཀྱི་རྩ་ཁྲིམས་ཉིན་མོ་ཐེངས་བཅུ་གཅིག་པའི་བཞུགས་མོལ་ཚོགས་འདུ་པེ་ཅིང་དུ་བསྡུས་པ།

  2024-12-06 17:34:45 

ད་ལོའི་ཟླ12པའི་ཚེས4ཉིན་ནི་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཉིན་མོ་ཐེངས་བཅུ་གཅིག་པ་རེད། རྒྱལ་ཡོངས་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཐིང་དང་ཀྲུང་དབྱང་དྲིལ་བསྒྲགས་པུའུ། ཁྲིམས་འཛིན་པུའུ་བཅས་ཀྱིས་མཉམ་དུ་པེ་ཅིང་དུ“རྩ་ཁྲིམས་ཀྱི་སྙིང་སྟོབས་དར་སྤེལ་དང་། རྩ་ཁྲིམས་ཀྱི་དབང་ཟིལ་སྲུང་སྐྱོང་བྱེད”ཅེས་པའི་བཞུགས་མོལ་ཚོགས་འདུ་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ལིས་ཧུང་ཀྲུང་ཚོགས་འདུར་ཞུགས་པར་མ་ཟད་གསུང་བཤད་གནང་། ཚོགས་འདུའི་ཐོག་ཁོང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བྱེད་པ་རྒྱུན་འཁྱོངས་དང་། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ལག་བསྟར། རྩ་ཁྲིམས་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པར་སྐུལ་འདེད་བཅས་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏང་ཆེད་རྩ་བའི་བཅའ་ཁྲིམས་ཀྱི་འགན་ལེན་བརྟན་པོ་འདོན་སྤྲོད་བྱ་དགོས་ཞེས་ནན་གྱིས་བསྟན།

ལིས་ཧུང་ཀྲུང་གིས་བསྟན་དོན།“གཏན་ཕབ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ་དང་། “སྲུང་སྐྱོང་གཉིས” མཐའ་གཅིག་ཏུ་སྒྲུབ་པ། ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་མགོ་ཁྲིད་འོག རྩ་ཁྲིམས་ཀྱི་སྙིང་སྟོབས་དར་སྤེལ་དང་། རྩ་ཁྲིམས་ལག་བསྟར་བྱེད་པར་སྐུལ་འདེད། རྩ་ཁྲིམས་ཀྱི་དབང་ཟིལ་སྲུང་སྐྱོང་བཅས་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་གཏང་དགོས། རང་རྒྱལ་གྱི་རྩ་ཁྲིམས་ནི་སྤྱི་ཚོགས་རིང་ལུགས་ཀྱི་རྩ་ཁྲིམས་ཀྱི་ངོ་བོའི་ཁྱད་ཆོས་ཡིན་པ་ཁོང་དུ་བརྟན་པོ་ཆུད་པར་བྱས་ཏེ། རྩ་ཁྲིམས་ནང་གཏན་ལ་ཕབ་པའི་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་གོ་གནས་ལ་གཡོ་འགུལ་མི་གཏོང་བ་བྱ་དགོས། རང་རྒྱལ་གྱི་རྩ་ཁྲིམས་ནི་དོན་སྙིང་ངོ་མའི་ཐོག་གི་མི་དམངས་རྩ་ཁྲིམས་ཡིན་པ་ཁོང་དུ་བརྟན་པོ་ཆུད་པར་བྱས་ཏེ། བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་རྒྱུན་འཁྱོངས་དང་འཕེལ་རྒྱས་སུ་གཏང་དགོས། རང་རྒྱལ་རྩ་ཁྲིམས་ཀྱི་རྒྱལ་ཁབ་ཀྱི་རྩ་བའི་བཅའ་ཁྲིམས་ཀྱི་གོ་གནས་ཁོང་དུ་བརྟན་པོ་ཆུད་པར་བྱས་ཏེ། རྩ་ཁྲིམས་ཀྱི་དབང་ཟིལ་སྲུང་སྐྱོང་བྱ་དགོས། རྩ་ཁྲིམས་ཀྱི་ནུས་པ་གཙོ་བོ་ཁོང་དུ་བརྟན་པོ་ཆུད་པར་བྱས་ཏེ། རྩ་ཁྲིམས་ལག་བསྟར་བྱེད་པར་ཕྱོགས་ཡོངས་ནས་ཤུགས་བསྣོན་དགོས། རྩ་ཁྲིམས་དྲིལ་བསྒྲགས་སློབ་གསོ་ནི་ཁྲིམས་སྐྱོང་འཛུགས་སྐྲུན་གྱི་རྨང་གཞིའི་རང་བཞིན་གྱི་ལས་དོན་ཞིག་ཡིན་པ་ཁོང་དུ་བརྟན་པོ་ཆུད་པར་བྱས་ཏེ། རྩ་ཁྲིམས་མི་སེམས་སུ་ཟུག་པར་སྐུལ་འདེད་གཏང་དགོས།

རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ཝང་ཏུང་མེན་དང་། ཀྲིན་ཅན་པང་། ཧི་ཝེ་བཅས་ཚོགས་འདུར་ཞུགས།

ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་བཅའ་ཁྲིམས་ལས་དོན་ཨུ་ཡོན་ལྷན་ཁང་། ཁྲིམས་འཛིན་པུའུ། ཆེས་མཐོའི་མི་དམངས་ཁྲིམས་ཁང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་། སློབ་གསོ་པུའུ། ཀྲུང་གོ་ཁྲིམས་རིག་ལྷན་ཚོགས་བཅས་ཀྱི་འབྲེལ་ཡོད་འགན་འཁུར་བློ་མཐུན་དང་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱི་འཐུས་མིས་གཏམ་བཤད་སྤེལ།

རྩོམ་སྒྲིག་པ། ནམ་མཁའ་ཚེ་རིང་།