མཚོ་སྔོན་གྱིས་སློབ་གྲྭ་དང་ཁྱིམ་ཚང་སྤྱི་ཚོགས་བཅས“ཕྱོགས་གསུམ་གཞི་གཅིག”གི་ཁྲིམས་སྐྱོང་གི“སློབ་གསོ་ཆེན་པོའི”རྣམ་པ་བསྐྲུན་པ།
གསར་འགོད་པས་ཟླ12པའི་ཚེས2ཉིན། ཞིང་ཆེན་ཁྲིམས་འཛིན་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། ད་ལོའི་ཚུན་ལ། མཚོ་སྔོན་ཞིང་ཆེན་ཁྲིམས་འཛིན་ཐིན་གྱིས་བྱེད་ཐབས་ནུས་ལྡན་སྤྱད་དེ། “སློབ་གྲྭར་བཅའ་ཁྲིམས་ཁྱབ་གདལ་གཏོང་བ”དང“ཞིང་ཆེན་ཡོངས་ཀྱི་ན་གཞོན་ལོ་ཆུང་གི་བཅའ་ཁྲིམས་ཁྱབ་གདལ་དང་དྲིལ་བསྒྲགས་ཀྱི་ཆེད་དོན་བྱ་སྤྱོད”སོགས་ན་གཞོན་ལོ་ཆུང་གི་ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོའི་བྱ་འགུལ་སྤེལ་བར་སྐུལ་འདེད་ཆེན་པོ་བཏང་སྟེ། སློབ་གྲྭ་དང་ཁྱིམ་ཚང་། སྤྱི་ཚོགས་བཅས“ཕྱོགས་གསུམ་གཞི་གཅིག”གི་ཁྲིམས་སྐྱོང་གི“སློབ་གསོ་ཆེན་པོའི”རྣམ་པ་ཞིག་བསྐྲུན་ནས། ན་གཞོན་ལོ་ཆུང་གི་ཀུན་སྤྱོད་དང་ཁྲིམས་སྐྱོང་བྱང་ཚད་ཕྱོགས་ཡོངས་ནས་ཇེ་མཐོར་བཏང་བ་དང་། ན་གཞོན་ལོ་ཆུང་གིས་བཅའ་ཁྲིམས་ལ་བརྩི་འཇོག་དང་། བཅའ་ཁྲིམས་སློབ་པ། བཅའ་ཁྲིམས་སྲུང་བ། བཅའ་ཁྲིམས་སྤྱོད་པ་བཅས་ཀྱི་རྣམ་པ་བཟང་པོ་ཞིག་བཏོད་ཡོད།
རྒྱུས་ལོན་བྱུང་བ་ལྟར་ན། ཞིང་ཆེན་ཁྲིམས་འཛིན་ཐིང་གིས་ཞིང་ཆེན་ཏང་ཨུའི་དྲིལ་བསྒྲགས་པུའུ་དང་། ཞིང་ཆེན་ཏང་ཨུའི་སྲིད་ཁྲིམས་ཨུ་ཡོན་ལྷ་ཁང་སོགས་སྡེ་ཁག12དང་མཉམ་འབྲེལ་སྒོས་པར་འགྲེམས་བྱས་པའི《མཚོ་སྔོན་ཞིང་ཆེན་གྱི་ན་གཞོན་ལོ་ཆུང་གི་བཅའ་ཁྲིམས་ཁྱབ་གདལ་དྲིལ་བསྒྲགས་ཆེད་དོན་བྱ་སྤྱོད་ཇུས་གཞི》ཡི་ནང་། “སྤྱི་བདེ་དང་། ཞིབ་དཔྱོད། ཁྲིམས་ཁང་། སློབ་གསོ་ཚོགས་པ”བཅས་ཀྱི་བཅའ་ཁྲིམས་ཁྱབ་གདལ་སྟོབས་ཤུགས་གཅིག་ཏུ་བསྡུས་ཏེ། རང་གཤིས་ཅན་གྱི“བཅའ་ཁྲིམས་ཁྱབ་གདལ་གྱི་མིང་ཐོ ”གཏན་འབེབས་བྱས་པ་དང་། དུས་མཚུངས་སུ་རིམ་པ་སོ་སོ་དང་འབྲེལ་ཡོད་སྡེ་ཁག་སོ་སོས“བཅའ་ཁྲིམས་སློབ་གྲྭར་ཁྱབ་གདལ་གཏོང་བའི” འགན་འཁྲི་གཙོ་བོ་དོན་འཁྱོལ་བྱེད་པར་སྐུལ་འདེད་བཏང་ཞིང་། སློབ་གསོའི་སྡེ་ཁག་དང་མཉམ་དུ་འགོ་ཁྲིད་སྒྲིག་གཞི་བབ་བསྟུན་རྩ་འཛུགས་དང་མཉམ་འབྲེལ་གྲོས་ཚོགས་ཀྱི་ལམ་ལུགས་བཙུགས་ཏེ། ཁྲིམས་སྐྱོང་དྲིལ་བསྒྲགས་དེ་རྒྱལ་དམངས་སློབ་གསོའི་མ་ལག་དང་སློབ་གྲྭ་ཆུང་འབྲིང་གི་དགེ་རྒན་གྱི“རྒྱལ་ཁབ་ཀྱི་གསོ་སྐྱོང”འཆར་གཞིའི་ནང་བཅུག་པ་རེད། ལོ་ཚོད་མི་འདྲ་བའི་ན་གཞོན་ལོ་ཆུང་གི་ལུས་སེམས་ཀྱི་ཁྱད་ཆོས་དང་ཤེས་རྟོགས་ཀྱི་ཆོས་ཉིད་མི་འདྲ་བར་གཞི་ཚུགས་ཏེ། བཅའ་ཁྲིམས་ཀྱི་སློབ་ཁང་ཆེན་མོ་དང་། ཁྲིམས་སྐྱོང་གི་འགུལ་རིས། གྱོད་གཞིགས་ཁྲིམས་འགྲེལ་སོགས་ལ་བརྟེན་ནས་རྩ་ཁྲིམས་དང་། དམངས་དོན་ཁྲིམས་གཞུང་། ནར་མ་སོན་པའི་མིར་སྲུང་སྐྱོབ་བྱེད་པའི་བཅའ་ཁྲིམས། འོས་འགན་སློབ་གསོའི་བཅའ་ཁྲིམས་སོགས་བཅའ་ཁྲིམས་དང་ཁྲིམས་སྲོལ་གཙོ་གནད་དུ་བཟུང་ནས་དྲིལ་བསྒྲགས་བྱས་པ་དང་། ན་གཞོན་ལོ་ཆུང་གི་ཁྲིམས་སྐྱོང་འདུ་ཤེས་དང་བཅའ་ཁྲིམས་ཀྱི་འདུ་ཤེས་ཇེ་དྲག་ཏུ་བཏང་། “སློབ་གྲྭ་གཅིག་ལ་ཁྲིམས་སྐྱོང་གི་སློབ་གཙོ་གཞོན་པ་གཅིག”གི་ལས་དོན་ཕྱོགས་ཡོངས་ནས་སྤེལ་བ་དང་། “ཁྲིམས་སྐྱོང་གི་སློབ་གཙོ་གཞོན་པ་དང་། ཁྲིམས་སྐྱོང་གི་ཟུར་ཁྲིད་པ། ཆེད་མཁས་པ་བཅས་ཟུང་དུ་འབྲེལ་བའི”རྣམ་པ་སྤྱད་དེ། ཁྲིམས་སྐྱོང་ཚོགས་པའི་སྟོབས་ཤུགས་ལ་བརྟེན་ནས་ན་གཞོན་ལོ་ཆུང་གི་ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོའི་སྤུས་ཚད་དང་ཕན་འབྲས་ཕྱོགས་ཡོངས་ནས་མཐོ་རུ་བཏང་། ཞིང་ཆེན་ཡོངས་ཀྱི་སློབ་གྲྭ་སོ་སོས་ཁྲིམས་སྐྱོང་གི་སློབ་གཙོ་གཞོན་པ1203དང་ཁྲིམས་སྐྱོང་གི་ཟུར་ཁྲིད་པ1925བདམས་ནས་གདན་ཞུ་བྱས་ཏེ་ཁྱོན་ཡོངས་ལ་ཁྱབ་པར་བྱས་ཡོད།
ཞིང་ཆེན་ཁྲིམས་འཛིན་ཐིན་གྱིས་བཅའ་ཁྲིམས་ཁྱབ་གདལ་གཏོང་བའི་གོ་རིམ་ཁྲོད། སྤྱི་ཚོགས་ཀྱི་སྤྱི་ཕན་སྟོབས་ཤུགས་མངོན་གསལ་དོད་པོ་ཡོང་བར་མཐོང་ཆེན་བྱས་ཏེ། ཞིང་ཆེན་ནང་ཁུལ་གྱི་སློབ་གྲྭ་ཆེན་མོ་དང་ཆེད་སྦྱོང་སློབ་གྲྭའི་སློབ་མ350ཡི་སློབ་ཆེན་སློབ་མའི་བཅའ་ཁྲིམས་ཁྱབ་གདལ་དང་བླངས་པའི་རུ་ཁག་བཙུགས་ནས། ཟི་ལིང་གྲོང་ཁྱེར་གྱི་སློབ་གྲྭ་འབྲིང་ཆུང69ལ་བསྐྱོད་དེ་གཅིག་སྡུད་སྒོས་སློབ་ཁྲིད་བྱེད་པ་དང་བརྗོད་དོན་གཙོ་བོའི་བྱེད་སྒོ་སྤེལ་བ་སོགས་ཀྱི་བྱེད་ཐབས་སྣ་མང་བརྒྱུད། སློབ་གྲྭའི་དགེ་སློབ་ཀྱི་བཅའ་ཁྲིམས་ཁྱབ་གདལ་གྱི་ཆེད་དོན་ཟུར་ཁྲིད་བྱས་ཤིང་། “སློབ་མགོ་ཚུགས་པའི་སློབ་ཚན་དང་པོ”དང“གུང་གསེང་བཏང་རྗེས་ཀྱི་སློབ་ཚན”སོགས་ཁྲིམས་སྐྱོང་དྲིལ་བསྒྲགས་བྱ་འགུལ་སྤེལ་བ་རེད། ཞིང་ཆེན་ཁྲིམས་འཛིན་ཐིན་དང་བཅའ་ཁྲིམས་ཁྱབ་གདལ་ཁོངས་མིའི་སྡེ་ཁག་སོ་སོས་ད་དུང“ཁྲིམས་སྐྱོང”དང་སྣ་མང་གི་རྒྱུ་རྐྱེན་གཙོ་བོ་ལྡན་པའི་ན་གཞོན་ལོ་ཆུང་གི་ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོའི་རྟེན་གཞི་བསྐྲུན་པ་དང་། སྣ་མང་ཕུན་སུམ་ཚོགས་ཀྱི་ཁྲིམས་སྐྱོང་བརྗོད་དོན་གཙོ་བོའི་ལག་ལེན་བྱ་འགུལ་སྤེལ་བ། སློབ་མའི་ཉལ་ཁང་དང་དཔེ་མཛོད་ཁང་སོགས་སྤྱི་པའི་ས་ཁོངས་བེད་སྤྱོད་ལེགས་པོ་བྱས་ཏེ། ཁྲིམས་སྐྱོང་དྲིལ་བསྒྲགས་བྱང་བུ་དང་སློབ་གྲྭའི་ཁྱད་ཆོས་མཚོན་པའི་ཁྲིམས་སྐྱོང་རིག་གནས་བརྩམས་ཆོས་སོགས་བཀོད་སྒྲིག་བྱས་ནས། སློབ་གྲྭའི་ཁྲིམས་སྐྱོང་རིག་གནས་ཀྱི་རྣམ་པ་ཟབ་མོ་བསྐྲུན། ཞིང་ཆེན་ཡོངས་ཀྱི་ནར་མ་སོན་པའི་མིའི་བཅའ་ཁྲིམས་རོགས་སྐྱོར་ཞབས་ཞུའི་ཚོགས་པ་བཙུགས་པ་དང་། 12348གྱི་ཁ་པར་སྐུད་ལམ་སྟེགས་བུ་འདེགས་སྐྱོར་དུ་བྱས་ཏེ། སྐད་འཕྲིན་སྤྱི་རྟགས་དང་ཞབས་ཞུའི་ཁ་པར་སྐུད་ལམ་སོགས་བརྒྱུད་དེ་རྒྱ་ཆེའི་ནར་མ་སོན་པའི་མི་ལ་དུས་ཚོད24རིང་དྲ་ཐོག་གི་བཅའ་ཁྲིམས་ཞབས་ཞུ་མཁོ་འདོན་བྱས་པ་དང་། ཁྱིམ་བདག་ཨུ་ཡོན་ལྷན་ཁང་བཙུགས་པ་དང་ཁྱིམ་བདག་ཚོགས་འདུ་འཚོགས་པ། ཕན་ཚུན་ལག་གདང་སྦྲེལ་བ་སོགས་ཀྱི་བྱ་འགུལ་སྤེལ་བ་བརྒྱུད། 《ཁྱིམ་ཚང་སློབ་གསོར་སྐུལ་འདེད་གཏོང་བའི་བཅའ་ཁྲིམས》དང《ནར་མ་སོན་པའི་མིའི་སྲུང་སྐྱོབ་བཅའ་ཁྲིམས 》 སོགས་བཅའ་ཁྲིམས་དང་ཁྲིམས་སྲོལ་རྒྱ་ཁྱབ་ཏུ་དྲིལ་བསྒྲགས་དང་ཁྱབ་གདལ་བཏང་། ཁྱིམ་ཚང་དང་སློབ་གྲྭའི་བར་གྱི་འབྲེལ་བ་དམ་ཟབ་བྱེད་ཤུགས་ཆེ་རུ་བཏང་ནས། སློབ་གྲྭ་དང་ཁྱིམ་ཚང་། སྤྱི་ཚོགས་བཅས“ཟུང་འབྲེལ་གསུམ”གྱི་ཁྲིམས་སྐྱོང་གིས་མི་སྣ་གསོ་སྐྱོང་བྱེད་པའི་དྲ་བ་སྔར་ལས་ལེགས་པར་བཙུགས་པ་རེད།