རྐ་ཕུག་བསོད་རྡོའི་གློག་བརྙན་འཕྲིན་བརྩམས་ཆོས《ནར་སོན་གྱི་ལོ་ཟླ》ལ་འཛམ་གླིང་བྱིས་པའི་གློག་བརྙན་ལོ་ཚོགས་སྐབས་གཉིས་པའི་སྟེང་བྱ་དགའ་ཐོབ།
2024ལོའི་ཟླ11པའི་ཚེས29ཉིན་ནས་ཟླ12པའི་ཚེས1ཉིན་བར། འཛམ་གླིང་བྱིས་པའི་གློག་བརྙན་ལོ་ཚོགས་སྐབས་གཉིས་པའི་ཕུལ་བྱུང་གློག་བརྙན་བརྩམས་ཆོས་དཔྱད་བསྡུར་དང་བྱ་དགའ་གནང་བའི་མཛད་སྒོ་ཐེན་ཅིན་དགེ་འོས་སློབ་ཆེན་དུ་བསྡུས།
ལོ་ཚོགས་འདི་ནི་བྱིས་པའི་གློག་བརྙན་ཁྱབ་ཁོངས་ཀྱི་འདུ་འཛོམས་གཟབ་རྒྱས་ཤིག་ཡིན་ལ། མཛེས་དཔྱོད་སློབ་གསོའི་སྦྱོར་བ་ལ་བརྟེན་ནས་དུས་རབས་གསར་བའི་དོན་དངོས་དང་མ་འོངས་པར་ཁ་ཕྱོགས་པའི་བྱིས་པའི་གློག་བརྙན་སློབ་གསོ་ཞེས་པ་བརྗོད་བྱ་གཙོ་བོར་བཟུང་བའི་འཛམ་གླིང་གི་བྱིས་པའི་ལོ་ཚོགས་ཤིག་ཡིན་ཞིང་། རྒྱལ་ཁབ་ཕྱི་ནང་གི་གློག་བརྙན་ལས་རིགས་ཀྱི་མགོ་ཁྲིད་མི་སྣ་དང་། ཆིན་ཧྭ་སློབ་ཆེན་དང་པེ་ཅིང་སློབ་ཆེན་སོགས་རྒྱལ་ནང་གི་སློབ་ཆེན་གྲགས་ཅན30ལྷག་གི་ཆེད་མཁས་པ་དང་། གློག་བརྙན་འཁྲབ་ཁྲིད་པ་དང་འཁྲབ་གཞུང་རྩོམ་པ་པོ། འཁྲབ་སྟོན་པ་གྲགས་ཅན170ལྷག་གདན་ཐོག་གཅིག་ཏུ་འཛོམས་ཏེ་འཛམ་གླིང་བྱིས་པའི་གློག་བརྙན་སྐོར་ནས་བརྗེ་རེས་བྱས་ཏེ། 2020ལོ་ནས2024ལོའི་བར་གྱི་ཕུལ་བྱུང་བྱིས་པའི་གློག་བརྙན་བརྩམས་ཆོས་དག་ལ་བྱ་དགའ་གནང་།
ལོ་ཚོགས་ཀྱིས་བརྩམས་ཆོས་ནང་དུ་གཏམ་རྒྱུད་ཟློས་གར་གྱི་ཚན་པ་དང་། ཟིན་ཐོ་དང་འགུལ་རིས་ཚན་པ། གྲངས་སྒྱུར་སྨྱན་སྦྱོར། བརྙན་ཐུང་དང་ཟློས་གར་ཐུང་ངུ་སོགས་ཚན་པ་མང་པོ་སྒྲིག་འཛུགས་བྱས་ཡོད། དཔྱད་འདེམ་ཚོགས་པས་སྒྱུ་རྩལ་རང་བཞིན་དང་། སློབ་གསོའི་རིན་ཐང་། སྤྱི་ཚོགས་ཀྱི་ཤུགས་རྐྱེན་ཐེབས་ནུས་སོགས་སྣ་མང་ཕྱོགས་བསྡུས་ལ་གཞིགས་ཏེ་དཔྱད་སྡུར་གཏན་འབེབས་བྱས་པས་དཔྱད་འདེམ་བྱས་འབྲས་དོན་དངོས་དང་མཐུན་ཞིང་དྲང་གཞག་ཡོང་བར་འགན་ལེན་བྱས་ཡོད། དཔྱད་སྡུར་བརྒྱུད་རྒྱལ་ཁབ་ཕྱི་ནང་གི་ཕུལ་བྱུང་བརྩམས་ཆོས་མང་པོའི་ཁྲོད་དུ་མཚོ་ནུབ་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་དང་སེ་འབྲུའི་གློག་བརྙན་འཕྲིན་ལས་སྒྲུབ་ཁང་གིས་ཕབ་སྐྲུན་དང་། བོད་ཀྱི་ཕུལ་བྱུང་ན་གཞོན་འཁྲབ་ཁྲིད་པ་རྐ་ཕུག་བསོད་རྡོས་འཁྲབ་གཞུང་དང་འཁྲབ་ཁྲིད། སྒྲིག་སྦྱོར་སོགས་ཀྱི་འགན་གཅིག་ལྕོགས་སུ་ཁུར་བའི་ཁྲིམས་ལུགས་དང་སློབ་གསོའི་སྐོར་གྱི་བྱིས་པའི་གློག་བརྙན་འཕྲིན་བརྩམས་ཆོས《ནར་སོན་གྱི་ལོ་ཟླ》ལ་སྤྱི་ཚོགས་དཔྱད་སྡུར་གྱི་ཟློས་གར་ཚན་པ་རུ་བྱ་དགའ་ཨང་གསུམ་པ་ཐོབ།
བྱིས་པའི་གློག་བརྙན་ཟློས་གར《ནར་སོན་གྱི་ལོ་ཟླ》ནི་མིའི་རིགས་ཀྱི་ལས་དབང་གཞི་གཅིག་ཅན་གྱི་བྱ་གཞག་སྟེ། ང་ཚོ་ངེས་པར་དུ་བརྒྱུད་དགོས་པའི་སློབ་གསོའི་ཁོར་ཡུག་གསུམ་གྱི་གཏམ་རྒྱུད་ཁྲོད། སློབ་གསོའི་ཁོར་ཡུག་གང་ཞིག་གིས་མི་ཚེའི་ནར་སོན་གྱི་ལོ་ཟླ་ལ་གཙེས་པའི་སྐྱོ་གར་དང་། ཕུགས་འདུན་ལམ་ཁའི་ཁྲོད་འཕྲད་པའི་མངར་སྐྱུར་ཚ་གསུམ་གྱི་གཏམ་རྒྱུད་བརྗོད་ཡོད།
《ནར་སོན་གྱི་ལོ་ཟླ》ལ་འཛམ་གླིང་བྱིས་པའི་གློག་བརྙན་ལོ་ཚོགས་སྐབས་གཉིས་པའི་སྟེང་བྱ་དགའ་ཐོབ།
《ནར་སོན་གྱི་ལོ་ཟླའི》ཕབ་བསྐྲུན་ཡུལ་དངོས།
(མཚོ་ནུབ་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས)