(ཟི་ལིང) གླེ་གཞུག་པདྨ་སྐྱབས།
ལྟད་ཆུང་ཉག་ག་ནི་ངེད་སྡེ་བའི་ཤར་ཕྱོགས་སུ་སྤྱི་ལེ་གཉིས་ཙམ་གྱི་མཚམས་སུ་ཡོད་ལ།ཉག་ག་དེའི་གཡས་གཡོན་གཉིས་སུ་སྒོ་སྲུང་ལྟ་བུའི་དེའུ་འབུར་ཆུང་ཆུང་གཉིས་ཡོད།དེའུ་འབུར་དེ་གཉིས་ནི་དགུན་གྱི་ཁ་བ་དང་དབྱར་གྱི་ཆར་བ།སྟོན་གྱི་བ་མོ་དང་དཔྱིད་ཀྱི་རླུང་འཚུབ་སོགས་མདོར་ན་དུས་རབས་ཀྱི་རྡུལ་འཚུབ་ག་འདྲ་འཐིབས་ཀྱང་མགོ་སྒུར་མ་མྱོང་ལ།ཉྭ་ཡང་འདར་མ་མྱོང་བས་སྡེ་བ་འདིའི་འདས་དོན་གྱི་ལོ་རྒྱུས་ཡོད་ཚད་གཏེར་ལ་སྦས་པའི་ཚིག་མཛོད་ཆེན་པོ་གཉིས་དང་ཀུན་ནས་མཚུངས།
མ་ཎི་ཡིག་དྲུག་ངག་ལ་བཟློ་བའི་བགྲེས་པོ་དག་གིས་ཉག་ག་དེ་ནི་ཕ་སྤྲེའུ་བྱང་ཆུབ་སེམས་དཔའ་དང་མ་བྲག་གི་སྲིན་མོའི་རིགས་རྒྱུད་ལས་མཆེད་པའི་བོད་ཀྱི་རུས་ཆེན་བཞིའི་ཡ་གྱལ་ལྡོང་ལས་ཨ་ཕོ་ལྡོང་གི་རིགས་རྒྱུད་ཀྱི་མཆེད་ཤུལ་ཡིན་ཞེས་སྐད་གསེང་མཐོན་པོས་བཤད་ལ།ཡང་སྔགས་འཆིང་རལ་བ་མགོ་ལ་དཀྲིས་པའི་རྒན་པོ་དག་གིས་དེ་ནི་སློབ་དཔོན་པདྨ་འབྱུང་གནས་ཀྱིས་བདུད་རིགས་མང་པོ་དམ་ལ་བཏགས་ཤུལ་ཡིན་པས་ཉག་གའི་འགྲམ་གྱི་རྡེའུ་འབུམ་ནི་སྒྲུབ་བྱེད་ཁུངས་བཙན་དུ་འདོད།གཞན་ཨ་ཡེ་རྒན་མོ་སྒྲུང་ལ་དགའ་བ་འགས་ཉག་ག་དེ་ནི་སེང་ལྕམ་འབྲུག་མོ་ཧོར་ནས་གླིང་ལ་ཡོང་སྐབས་བརྒྱུད་པའི་ཤུལ་ཡིན་པའི་གཏམ་རྒྱུད་ཀྱང་མང་དུ་བཤད་ཡོང་།
གང་ལྟར།ལྟད་ཆུང་ཉག་ག་དེ་ལས་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་ཆེན་དམ་པ་མང་པོས་ཞབས་རྗེས་བཞག་མྱོང་ལ།ཐོབ་ཐམ་ག་ཅན་གྱི་དཔོན་ཆེན་ཡང་མང་པོ་ཕེབས་མྱོང་།དཔའ་ཞིང་རྟུལ་པའི་སྟག་ཤར་ཚོ་བསྟར་ལ་རྒྱུས་ཏེ་གཡུལ་ལ་བཤར་མྱོང་ལ།མྱངས་ཚ་དཀར་རྒྱན་ལྟ་བུའི་བག་མའང་མང་དུ་བསུས་མྱོང།རྟ་ནོར་ལུག་གསུམ་གྱི་རྨིག་སྒྲའི་བར་ནས་ཕྱུགས་རྫི་རྒད་པོས་དམངས་གླུ་བླངས་མྱོང་ལ།མཛོ་ཁྱུང་དཀར་དོར་ལ་བསྡེབས་པའི་ཞིང་པ་རྒན་པོས་ལྕག་དབྱུག་ཀྱང་བསྐོར་མྱོང་།
ལྟད་ཆུང་ཉག་གའི་སྒོ་སྲུང་ལྟ་བུའི་དེའུ་འབུར་གཉིས་ལས་ཕྱིར་ཕ་ཡུལ་ལ་བལྟས་པ་ན།རང་སྡེ་ཕྲ་མོ་ནི་ཆོས་དུང་དཀར་པོ་གཡས་ལ་འཁྱིལ་བ་དང་འདྲ་ལ།སྡེ་བའི་སྲང་བར་དུ་བུད་ནས་ལྟད་ཆུང་ཉག་གར་བལྟས་པ་ན།ལྟད་ཆུང་ཉག་ག་ནི་རྒྱང་ནས་རྒྱང་ལ་འཐེན་པའི་རེ་བའི་འོད་སྣང་འཚེར་ས་ཞིག་ཀྱང་ཡིན།
ང་རང་ལྟད་ཆུང་ཉག་ག་བརྒྱུད་ནས་ཕ་ཡུལ་དང་ཁ་གྱེས་ཐེངས་རེར་ངེས་པར་ཕྱིར་ལྟ་ཐེངས་ཤིག་བྱ་དགོས་ཤིང་།ཕྱིར་ལྟའི་ཁྲོད་ནས་སྡེ་བའི་ཆགས་དབྱིབས་དང་གསར་བུ་ཚོའི་དགོད་སྒྲ།ལོ་ལོན་ཚོའི་ཁ་ཏོན་བར་གྱི་དབྱངས་རྟ།ཞིང་ཚིགས་རེ་རེའི་ཁ་གྲངས།ཆད་པ་མེད་པའི་མ་ཎི་ཁང་གི་བསང་དུད།འབྲི་གཡག་གི་ངུར་སྒྲ།ད་དུང་ཕ་ཡུལ་གྱི་ནམ་མཁའ་དང་སྤྲིན་པ།བསིལ་རླུང་དང་ཉི་མའི་འོད་ཟེར་བཅས་ལ་ཞིབ་ཉན་དང་ཞིབ་ལྟ་འགའ་བྱས་རྗེས་ཕ་ཡུལ་ལ་བདེ་མོ་བཞག་པ་ཡིན་ལ།ངས་རང་གི་འདོད་དོན་ཐམས་ཅད་ཡིད་བཞིན་དུ་གྲུབ་སྟེ་ཕྱིར་ཕ་ཡུལ་ལ་ལོག་སྐབས་སུའང་ཐེངས་དང་པོར་ལྟད་ཆུང་ཉག་ག་མཐོང་ཐུབ་ལ།ལྟད་ཆུང་ཉག་ག་མཐོང་མ་ཐག་ཐོག་མར་ཉག་གའི་གཡས་གཡོན་གྱི་དེའི་འབུར་དེ་གཉིས་ལ་གཟབ་ནན་གྱིས་བལྟ་དགོས་ཤིང་།དེ་ནས་ལྟད་ཆུང་ཉག་གའི་གཟི་ཉམས་དང་འོད་སྟོང་འབར་བའི་གསོན་ཉམས་དེར་སེམས་ཀྱིས་མྱོང་དགོས་པ་ཞིག་ཡིན།རྒྱུ་མཚན་ནི་ངས་ལྟད་ཆུང་ཉག་གར་བལྟས་ནས་ནར་སོན་པ་ཡིན་ལ།ལྟད་ཆུང་ཉག་གས་ང་རང་ཚོ་འཚོས་ཞིང་གཉོར་བཞིན་ཡོད་པས་ཡིན་ཡང་སྲིད།
ལོ་ངོ་བཅུ་ལྷག་གི་ཡར་སྔོན་དུ་རྐང་ལམ་ཡོད་ཚད་གཞུང་ལམ་ལ་བསྒྱུར་བའི་རྣམ་གྲངས་ཤིག་ཡོང་སྟེ།སྡེ་མི་ཡོངས་ཀྱིས་འཇོར་དང་ཐོ་བ།ལྕགས་ཁེམ་སོགས་བཟུང་ནས་ལྟད་ཆུང་ཉག་གའི་གཡས་གཡོན་གྱི་དེའུ་འབུར་གཉིས་ཁ་ཤོ་སྣ་ཤོ་རུ་གཏོང་རྩིས་བྱས་ཀྱང་།ཆར་བ་དང་འབྲུག་སྒྲས་གནམ་ས་གཡོ་བ་ལྟ་བུའི་སྒྱུ་འཕྲུལ་གྱི་རྣམ་པ་མང་དུ་བསྟན་པས་ན།སྡེ་མི་ཡོངས་ཀྱིས་དེའུ་འབུར་གཉིས་ལ་གནས་པའི་གནས་བདག་དང་སྡེ་བའི་གཞི་བདག་གི་ཐུགས་ཁྲོས་བར་སྙམ་ནས་རེ་ཞིག་ཉག་གའི་གཡས་གཡོན་གྱི་དེའུ་འབུར་གཉིས་བཏང་སྙོམས་སུ་མི་འཇོག་ག་མེད་དུ་གྱུར།ཡིན་ནའང་ལོ་ཟླའི་བཞུར་རྒྱུན་གྱི་ཀློང་ནས་མི་སེམས་ཀྱང་ནམ་མཁའི་སྤྲིན་པ་བཞིན་འཁྲིགས་ཤིང་།ལྷག་པར་གཅེས་སྲོག་ལས་སྒོར་མོ་གཙིག་ཏུ་བཀུར་བ་འགས་སྔར་བཞིན་འཇོར་དང་ཐོ་བ་སོགས་ཐོགས་ནས་ལྟད་ཆུང་ཉག་གའི་གཡོན་ཕྱོགས་ཀྱི་དེའུ་འབུར་དེ་ཁ་ཤོ་སྣ་ཤོ་དུ་བཏང་བར་མ་ཟད།དེའུ་འབུར་གཉིས་ཀྱི་བར་ན་ཡོད་པའི་རྡེའུ་འབུམ་དེའང་སླེ་བོ་སོགས་སུ་འཁུར་ནས་ས་རྒོད་དུ་གྱུར་ཡོད་པའི་ཞིང་བར་སོགས་ལ་བླུགས་པ་ནས་བཟུང་།གནམ་ནས་འབབ་ཆུ་དཀོན་ཞིང་ས་ནས་ལོ་ཏོག་དང་རྩྭ་རྩི་ཤིང་སོགས་སྐྱེས་མ་ཐུབ་པར་ས་གཞི་ཐམས་ཅད་ཐལ་མདོག་ཏུ་གྱུར་ཏེ་ཐན་པས་རབ་ཏུ་མནར་བས།སྡེ་བའི་རྒན་རྒོན་འགས་མངོན་མཁྱེན་ལ་འཆུག་པ་མེད་པའི་གྲུབ་ཐོབ་པ་ཞིག་ལ་མོ་རྩིས་ལུང་བསྟན་ཞུས་པ་ན།ལྟད་ཆུང་ཉག་གའི་གཡས་གཡོན་གྱི་དེའུ་འབུར་གཉིས་ལ་གནོད་སྐྱོན་བཟོས་པས་ཡིན་ཞིང་།གལ་སྲིད་མྱུར་མོའི་ངང་གཡས་གཡོན་གྱི་དེའུ་འབུར་དེ་གཉིས་སྔོན་ལྟར་དུ་བཟོ་བཅོས་མ་བྱས་ཚེ།སྡེ་བ་འདིའང་ཁ་ཐོར་སྣ་ཐོར་དུ་འགྱུར་སྲིད་ཅེས་བཤད་པ་ན།སྡེ་བར་ཤ་ཚ་ཞིང་སྙིང་ཉེ་བ་འགས་འཇོར་དང་ལྕགས་ཁེམས་བཟུང་ནས་དེའུ་འབུར་དེ་གཉིས་བཟོ་བཅོས་ཅི་ཐུབ་བྱས་ནའང་།སྡེ་མི་མང་ཤོས་ཤིག་གིས་གྲུབ་ཐོབ་པའི་ལུང་བསྟན་ནི་རྨོངས་དད་དུ་འདོད་པ་དང་།ལྟད་ཆུང་ཉག་གའི་གཡས་གཡོན་གྱི་དེའུ་འབུར་ལ་སླར་གསོ་བྱེད་པ་ནི་བླུན་རྟགས་དུ་འདོད་པས་དེའུ་འབུར་དེ་གཉིས་ནི་ཕྱེད་ཙམ་ལས་སླར་གསོ་བྱེད་མ་ཐུབ་ལ།སྲོག་སྙིང་ལྟ་བུའི་རྡེའུ་འབུམ་དེ་ཅི་ནས་ཀྱང་སླར་གསོ་བྱེད་མ་ཐུབ་པས།ཁྱིམ་ཚང་ཞིག་ལ་མཚོན་ནས་བཤད་ན་སྒོ་ཆེན་ལ་ཆགས་སྐྱོན་ཤོར་བ་བཞིན་སྡེ་མི་འགས་ས་ཞིང་རྒོད་དུ་བསྒྱུར་ཞིང་།སྒོ་ཕྱུགས་གཞན་ལ་བཙོངས་པ་སོགས་བྱས་ནས་ཕ་ཡུལ་དང་རྒྱང་དུ་གྱེས་ནས་དབྱར་དགུན་སྟོན་དཔྱིད་མེད་པར་ཞོར་ལས་ལ་འབད་དེ་ཕ་ཡུལ་ནི་མེ་ལོང་ལ་ཧ་བཏབ་པ་བཞིན་བརྗེད་ཟིན་པའང་གང་མང་ཞིག་ཡོད།
དེ་ནས་ལོ་ངོ་འགའ་འགོར་བ་ན།བདུད་ཀྱི་ཆོ་འཕྲུལ་ལྟ་བུའི་འདྲེ་མོ་ལག་རིང་དང་མཚུངས་པའི་འཕྲུལ་ཆས་འགའ་ཡོང་ནས་སློག་མི་རུང་བའི་གནས་རི་སློག་པ་དང་།བརྐོ་མི་རུང་བའི་གཉན་ས་འགའ་བརྐོས་པ་ན།སྡེ་མི་རྣམས་ཀྱིས་སྨྱོ་ཆུ་འཐུང་བ་བཞིན་གཅིག་རྗེས་གཅིག་གིས་མ་ཆོད་པར་ཕ་ཡུལ་ལ་གཏན་དུ་བདེ་མོ་བཞག་པ་རེད།
དུས་དེ་ནས་བཟུང་རྒྱུན་པར་ངའི་རྨི་ལམ་དུ་ཕ་ཡུལ་རྨིས་ཤིང་།ལྷག་པར་ལྟད་ཆུང་ཉག་གའི་གཡས་གཡོན་གྱི་དེའུ་འབུར་གཉིས་ཀྱི་སྟེང་བྱིས་པ་འགའ་དང་ལྷན་དུ་རྩེད་མོ་རྩེད་བཞིན་པ་རྨིས་ཡོང་།
ན་ནིང་དབྱར་ཁར་ང་རང་ལྟེ་ཁྲག་འཐོར་སའི་ཕ་ཡུལ་ལ་ཆས་ཤིང་།ལྟད་ཆུང་ཉག་གའི་གཡས་གཡོན་གྱི་དེའི་འབུར་གཉིས་ཀྱི་སྟེང་དུ་ལྷ་བསང་རེ་ཕུལ་ནས་ས་ལྟ་ཡུལ་ལྟ་ཞིག་བྱས་པ་ན།མི་ལོ་བརྒྱ་ཕྲག་དུ་མའི་རིང་ལ་ལྟེམས་མེར་འཁྱིལ་བའི་རོང་སྡེ་ཞིག་ཤུལ་མེད་དུ་གྱུར་ཅིང་།དེའི་གཡས་གཡོན་དང་མདུན་རྒྱབ་ཏུ་ཡོད་པའི་ཞིང་ས་ཡང་ཐང་རྒོད་དུ་གྱུར་བ་དང་།རྟ་ནོར་ལུག་གསུམ་སྐར་ཚོགས་བཞིན་བཀྲ་བའི་རྨིག་རྗེས་ཀྱང་བྱེ་ཐང་གི་རི་མོ་བཞིན་བརྟན་དུ་ཡལ་བར་གྱུར་བ་ནི་ང་ལ་མཚོན་ན་རྨི་ལམ་ལྟ་བུའི་འཕྲུལ་སྣང་ཞིག་དུ་མི་འགྱུར་ག་མེད་བྱུང་།
སྐབས་དེར།ངས་ལྟད་ཆུང་ཉག་གའི་གཡས་གཡོན་གྱི་དེའུ་འབུར་རེ་རེའི་སྟེང་ནས་ཕ་ཡུལ་ཕྱོགས་སུ་འཁོར་ཏེ་ཕྱག་གསུམ་རེ་འཚལ་རྗེས།ལོ་ཟླས་རིམ་གྱིས་དེད་ནས་ནམ་ཞིག་ངའི་དབུགས་ཀྱི་རྒྱུ་བ་འགག་པའི་ཚེ་རུས་པ་སྤར་མོ་གང་བོ་ཡང་གནས་འདིའི་རི་ཀློང་ཐང་གསུམ་གྱི་འབྱུང་བཞི་ལ་འཐིམ་པའི་རེ་བ་དང་སྨོན་ལམ་བཏབས་པ་ཡིན་ནོ། །