ཟླ11པའི་ཚེས24ཉིན། གསར་འགོད་པས་ཁྲིམས་འཛིན་པུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཉིན་འགའི་སྔོན་ལ། ཁྲིམས་འཛིན་པུའུ་ཡིས་ཆེད་དོན་ཚོགས་འདུ་འཚོགས་ནས། ཁྲིམས་འཛིན་སྲིད་འཛིན་ལས་དོན་གྱི་དངོས་ཡོད་འགན་འཁྲི་ནས་རྐང་བཙུགས་ཏེ། འགལ་བ་དང་རྩོད་གཞི་སེལ་རྒྱུར་སྔར་ལས་ཤུགས་སྣོན་པ་དང་སྤྱི་ཚོགས་བདེ་འཇགས་དང་བརྟན་བརླིང་ལ་སྲུང་སྐྱོབ་བྱེད་པའི་ཞིབ་ཕྲའི་བྱེད་ཐབས་ལ་ཞིབ་འཇུག་དང་བཀོད་སྒྲིག་བྱས།
ཁྲིམས་འཛིན་པུའུ་ཡི་བཀོད་སྒྲིག་ལྟར་དུ། བཙོན་རའི་བདེ་འཇགས་བརྟན་བརླིང་གི་མ་མཐའི་མཚམས་ཐིག་སྲུང་བ་དང་། སློབ་གསོ་སྒྱུར་བཀོད་ཀྱི་སྤུས་ཚད་དང་ཕན་འབྲས་ཁྱོན་ཡོངས་ནས་ཆེ་རུ་གཏོང་བ། ལས་འཛོལ་ཚབས་ཆེན་གྱི་འགལ་རྐྱེན་ལ་གྲལ་བཤེར་བཅོས་སྒྲིག་དང་བདེ་འཇགས་ཐོན་སྐྱེད་སོགས་ཀྱི་ལས་དོན་དམ་འཛིན་ནན་མོ་བཅས་བྱས་ནས། བཙོན་ཁང་དང་དུག་གཅོད་ཁང་གི་བདེ་འཇགས་ལ་འགན་ལེན་ནུས་ལྡན་བྱ་དགོས། ཉེས་ཆད་དུས་ཡུན་ལོན་རྗེས་གློད་གྲོལ་བཏང་བའི་མི་སྣ་བཀོད་སྒྲིག་བྱེད་རྒྱུ་དང་དེའི་རོགས་རམ་སློབ་གསོར་ཤུགས་བསྣན་ནས། འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་བཀོད་སྒྲིག་བྱས་པའི་རོགས་རམ་སློབ་གསོ་དུས་ཡུན་ལོན་ནས་གློད་གྲོལ་བཏང་བའི་མི་སྣར་ཁྲིམས་ལྟར་སློབ་གསོ་ཁྲིད་སྟོན་དང་རོགས་སྐྱོར་རོགས་རམ་སློབ་གསོ་བཅས་ལ་ཤུགས་བསྣན་ཏེ། ཡང་བསྐྱར་ནག་ཉེས་བཟོ་བར་སྔོན་འགོག་དང་ཇེ་ཉུང་དུ་གཏང་དགོས།
ཁྲིམས་འཛིན་པུའུ་ཡིས་དུས་མཚུངས་སུ། མི་དམངས་ཀྱི་འདུམ་འགྲིག་ལས་དོན་ལ་ཤུགས་སྣོན་པ་དང་འདུམ་འགྲིག་པའི་དཔུང་སྡེ་འཛུགས་སྐྲུན་དམ་འཛིན་ནན་མོ་བྱེད་པ། གཞི་རིམ་གྱི་ཁྲིམས་འཛིན་ཁང་དང་མི་དམངས་འདུམ་འགྲིག་རྩ་འཛུགས་ལ་རྒྱུན་དུ་འབྱུང་བཞིན་ཡོད་པའི་གཉེན་སྒྲིག་ཁྱིམ་ཚང་དང་ཁྱིམ་མཚེས་བར་གྱི་འབྲེལ་བ། རྒྱུ་ནོར་རྒྱུན་འཛིན། སྡོད་ཁང་དང་ས་ཞིང་། དངུལ་དང་གླ་ཆ་ཆད་པ་སོགས་ཀྱི་འགལ་བ་དང་རྩོད་གཞིར་གྲལ་བཤེར་ནན་མོ་བྱ་རྒྱུར་མཛུབ་སྟོན་བྱེད་པ། འདུམ་འགྲིག་གི་དམིགས་འབེན་རང་བཞིན་དང་དངོས་ཕན་རང་བཞིན་མངོན་སུམ་གྱིས་ཆེ་རུ་གཏོང་བ། འབྲེལ་ཡོད་སྡེ་ཁག་བར་མཐུན་སྦྱོར་གཞོགས་འདེགས་དམ་ཟབ་བྱེད་པ་བཅས་བྱས་ཏེ། གཞི་རིམ་གྱི་འགལ་བ་དང་རྩོད་གཞི་ཐག་གཅོད་གང་ལེགས་བྱེད་དགོས་པའི་སྐོར་ནས་གནས་ལུགས་ཁ་གསལ་བཏོན་ཡོད། སྡེ་ཁུལ་ཡོ་བསྲང་བྱ་ཡུལ་ལ་ལྟ་སྐུལ་དོ་དམ་བྱེད་པར་མུ་མཐུད་དུ་ཤུགས་སྣོན་པ་དང་། རིགས་དབྱེ་དོ་དམ་དང་བྱེ་བྲག་ཅན་གྱི་ཡོ་བསྲང་བྱེད་ཐབས་ཁྲིམས་ལྟར་དོན་འཁྱོལ་བྱས་ཏེ། སློབ་གསོའི་ཡོ་བསྲང་གི་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏང་དགོས། གསར་དུ་བཟོ་བཅོས་བརྒྱབ་པའི་སྲིད་འཛིན་བསྐྱར་གྲོས་སྐོར་གྱི་བཅའ་ཁྲིམས་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ནས། སྲིད་འཛིན་བསྐྱར་གྲོས་ལས་དོན་ཡག་པོ་བསྒྲུབས་ཏེ་དོན་དངོས་རང་བཞིན་གྱི་སྲིད་འཛིན་རྩོད་གཞི་སེལ་དགོས། ཁྲིམས་རྩོད་པ་དང་གཞུང་དཔང་། ཁྲིམས་འཛིན་གསལ་འབྱེད། འདུམ་གཅོད། བཅའ་ཁྲིམས་རོགས་སྐྱོར་སོགས་ཀྱི་ཐོན་ཁུངས་ལ་གཅིག་གྱུར་འཆར་འགོད་བྱས་ཏེ། མི་དམངས་མང་ཚོགས་ལ་ཁྲིམས་ལྟར་འགལ་བ་དང་རྩོད་གཞི་འདུམ་སེལ་བྱེད་རྒྱུ་དང་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་བྱེད་པར་གནད་ལ་འཁེལ་ཞིང་སྤུས་དག་པ། ལས་ཆོད་ཆེ་བ་བཅས་ཀྱི་བཅའ་ཁྲིམས་ཞབས་ཕྱི་འདོན་སྤྲོད་བྱས་ནས། མི་དམངས་མང་ཚོགས་ཀྱི་ཁྲིམས་སྐྱོང་ཐོབ་སེམས་ཇེ་ཆེར་གཏང་དགོས།
ཁྲིམས་འཛིན་པུའུ་ཡིས་བླང་བྱ་བཏོན་ནས། རིམ་པ་སོ་སོའི་ཁྲིམས་འཛིན་སྲིད་འཛིན་ལས་ཁུངས་ཀྱིས་སྤྱི་ཚོགས་བདེ་འཇགས་དང་བརྟན་བརླིང་གི་ཉེན་ཁ་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ཡག་པོ་སྒྲུབ་པའི་གལ་ཆེན་རང་བཞིན་དང་ཁ་ཚ་དགོས་གཏུགས་ཀྱི་རང་བཞིན་ལ་ངོས་འཛིན་ཟབ་མོ་བྱས་ཏེ། མ་མཐའི་མཚམས་ཐིག་གི་བསམ་གཞིག་དང་ཉེན་ཁའི་འདུ་ཤེས་ཇེ་དྲག་ཏུ་གཏང་དགོས། ཁྲིམས་འཛིན་པུའུ་ཡིས་ཆབ་སྲིད་ཀྱི་ཚོར་སྐྱེན་རང་བཞིན་དང་ཆབ་སྲིད་ཀྱི་དབྱེ་འབྱེད་ནུས་པ་མངོན་སུམ་ཆེ་རུ་བཏང་ནས། སྤྱི་ཚོགས་བདེ་འཇགས་དང་བརྟན་བརླིང་ལ་སྲུང་སྐྱོང་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་དོན་འཁྱོལ་ནན་མོ་བྱེད་པ་དང་། ཁྲིམས་འཛིན་སྲིད་འཛིན་ལས་དོན་གྱི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ། “འགལ་བ་དང་ཉེན་ཁ་སེལ་བ་དང་སྤྱི་ཚོགས་བརྟན་བརླིང་ལ་སྲུང་སྐྱོབ་བྱེད་པའི་ཆེད་དོན་བཅོས་སྒྲིག་ལས་དོན་ཏན་ཏིག་ངང་སྤེལ་བ། འགལ་བ་དང་རྩོད་གཞི་སེལ་བའི་ལས་དོན་སྔར་ལས་ནན་མོ་དང་ཞིབ་ཕྲའི་ངང་སྤེལ་བ་བཅས་བྱས་ཏེ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་གི་བདེ་འཇགས་དང་སྤྱི་ཚོགས་བརྟན་བརླིང་ལ་ནུས་ཤུགས་ཡོད་རྒུས་འགན་ལེན་བྱ་དགོས།