མཚོ་སྔོན་ཞིང་ཆེན་གྱི་བརླན་ས་སྲུང་སྐྱོང་འཆར་འགོད(2024ལོ་ནས2030ལོའི་བར)པར་འགྲེམས་བྱས་པ།
ཞིང་ཆེན་སྲིད་གཞུང་གི་ཆོག་མཆན་ཐོབ་པ་བརྒྱུད། ཟླ11པའི་ཚེས15ཉིན་ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུའུ་ཡིས《མཚོ་སྔོན་ཞིང་ཆེན་གྱི་བརླན་ས་སྲུང་སྐྱོང་འཆར་འགོད(2024ལོ་ནས་2030ལོའི་བར)》པར་འགྲེམས་བྱས་ཏེ། 2030ལོར་སླེབས་སྐབས་ཞིང་ཆེན་ཡོངས་ཀྱི་རྒྱལ་སྤྱིའི་བརླན་ས་གལ་ཆེན5དང་། རྒྱལ་ཁབ་ཀྱི་བརླན་ས་གལ་ཆེན6། ཞིང་ཆེན་རིམ་པའི་བརླན་ས་གལ་ཆེན35བཅས་སུ་སླེབས་པར་བྱེད་པ་དང་། ཞིང་ཆེན་ཡོངས་ཀྱི་བརླན་སའི་ཐོན་ཁུངས་ཕྱོགས་ཡོངས་ནས་སྲུང་སྐྱོང་བྱེད་པ། ཉམས་ཞན་བརླན་ས་ཚན་རིག་དང་མ་ལག་ལྡན་པའི་སྒོ་ནས་ཉམས་གསོ་བྱེད་པ། བརླན་སའི་སྐྱེ་ཁམས་མ་ལག་གི་སྤུས་ཚད་དང་བརྟན་བརླིང་རང་བཞིན་མངོན་གསལ་སྒོས་ཆེ་རུ་འགྲོ་བ། བརླན་སའི་སྐྱེ་དངོས་སྣ་མང་རང་བཞིན་དང་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་འཚོ་སྡོད་བྱ་ཡུལ་གྱི་སྤུས་ཚད་མངོན་གསལ་སྒོས་ཆེ་རུ་འགྲོ་བ་བཅས་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་ཆུ་ཚད་མཐོ་བའི་སྲུང་སྐྱོང་དང་ཕན་ནུས་ཆེ་བའི་ཉམས་གསོ། སྤུས་ཚད་མཐོ་བའི་འཕེལ་རྒྱས་བཅས་ཀྱི་རྣམ་པ་གསར་པ་ཞིག་ཆགས་པར་བྱ་དགོས་ཞེས་བཏོན་ཡོད།
རྒྱལ་ཡོངས་ཀྱི་རྒྱལ་ཁབ་ས་ཆའི་བརྟག་དཔྱད་ཐེངས་གསུམ་པ་དང2023ལོའི་ལོ་འཁོར་གྱི་རྒྱལ་ཁབ་ས་ཆའི་འགྱུར་ལྡོག་བརྟག་དཔྱད་བྱས་འབྲས་ལྟར་ན། མཚོ་སྔོན་གྱི་བརླན་སའི་རྒྱ་ཁྱོན་སྤྱི་ཆིང་ས་ཡ་བདུན་འབུམ་གཅིག་ཁྲི་གཉིས་ལྷག་ཡིན་པ་དེས་རྒྱལ་ཡོངས་ཀྱི་བརླན་སའི་སྤྱིའི་རྒྱ་ཁྱོན་གྱི12.64%ཟིན་ནས་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད། 《འཆར་འགོད》ནང་གཙང་གསུམ་འབྱུང་ཡུལ་དང་མདོ་ལ་རིང་མོ། མཚོ་སྔོན་པོའི་འབབ་རྒྱུད། ཚྭ་འདམ་གཞོངས་ས། རྨ་ཆུ་དང་ཙོང་ཆུའི་ས་ཁུལ་བཅས་ཀྱི“སྐྱེ་ཁམས་ཀྱི་བཅད་ཁུལ་ཆེན་པོ་ལྔ”བར་སྟོང་བཀོད་སྒྲིག་གི་རྨང་གཞིར་བྱེད་པ་དང་། སྐྱེ་ཁམས་བདེ་འཇགས་སྲུང་སྐྱོང་དང་། གཙང་གསུམ་འབྱུང་ཡུལ་སྲུང་སྐྱོང། “ཀྲུང་ཧྭའི་ཆུ་མཛོད”སྲུང་སྐྱོང་བཅས་དམིགས་འབེན་དུ་བརྩིས་ནས། ཕྱིན་ཆད་ཀྱི་དུས་སྐབས་ཤིག་གི་ཞིང་ཆེན་ཡོངས་ཀྱི་བརླན་སར་སྲུང་སྐྱོང་བྱེད་པའི་དམིགས་འབེན་ལས་འགན་གསལ་པོར་བྱས་ཡོད།
《འཆར་འགོད》དེར་ཁྱོན་སྡོམ་ལེའུ་ལྔ་དང་དོན་ཚན་ཉི་ཤུ་ཡོད་ཅིང་། མཚོ་སྔོན་གྱི་བརླན་སའི་ཐོན་ཁུངས་ཁྱབ་ཚུལ་དང་དེ་མིན་ཁྱད་ཆོས་གཞིར་བཟུང་ནས། མིག་སྔའི་གནད་དོན་ལ་དབྱེ་ཞིབ་དང་བརྡར་ཤ་བཅད་དེ་བརླན་སའི་དོ་དམ་གཟབ་ནན་དུ་གཏོང་བ་དང་། བརླན་ས་སྲུང་སྐྱོང་ལ་ཤུགས་སྣོན་པ། བརླན་ས་ཉམས་གསོ་བྱེད་པར་སྐུལ་འདེད་གཏོང་བ། བརླན་སར་ལྟ་ཞིབ་ཚད་ལེན་བྱེད་པ། བེད་སྤྱོད་ལུགས་མཐུན་དང་ཚད་ལྡན་དུ་གཏོང་བ། ལམ་ལུགས་འཛུགས་སྐྲུན་འཐུས་ཚང་དུ་གཏོང་བ་བཅས་ཀྱི་བརླན་ས་སྲུང་སྐྱོང་དང་ཉམས་གསོའི་གཙོ་གནད་ལས་འགན་ཁག6གསལ་བོར་བཏོན་ཡོད། བརླན་ས་སྲུང་སྐྱོང་དང་། བརླན་སའི་སྐྱེ་ཁམས་ནུས་པ་དང་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་བྱས་ནས། ཞིང་ཆེན་ཡོངས་ཀྱི་བརླན་ས་སྲུང་སྐྱོང་དང་ཉམས་གསོ་བྱེད་པར་ཕྱོགས་སྟོན་གལ་ཆེན་མཁོ་འདོན་བྱས་ཡོད།