ཉེ་ཆར། ཡུས་ཧུའུ་བོད་རིགས་རང་སྐྱོང་ཁུལ་ཡུས་ཧྲུའུ་གྲོང་ཁྱེར་སྤྱི་བདེ་ཅུའུ་ཡིས་རྩད་ཞིབ་དང་རྗེས་འདེད་སོགས་ཀྱི་བྱེད་ཐབས་སྤྱད་དེ། སི་ཁྲོན་སེར་ཤུལ་དང་མཚོ་སྔོན་ཡུས་ཧྲུའུ་བཅས་ཞིང་ཆེན་གཉིས་ནས་ཁང་པའི་ནང་འཛུལ་ཏེ་བརྐུས་བྱས་པའི་གྱོད་དོན8བདེ་བླག་ངང་རྩད་ཆོད་ཅིང་། དོགས་ཡོད་ཉེས་ཅན2འཛིན་བཟུང་བྱས།
ཟླ10པ་ནས་བཟུང་། ཡུས་ཧྲུའུ་གྲོང་ཁྱེར་སྤྱི་བདེ་ཅུའུ་ཡི་མངའ་ཁུལ་དུ་ཁང་པའི་ནང་འཛུལ་ནས་བརྐུས་བྱས་པའི་གྱོད་དོན་གང་མང་བྱུང་བ་དེས་སྤྱི་ཚོགས་ལའང་ཤུགས་རྐྱེན་ངན་པ་ཐེབས་ཡོད། གྱོད་དོན་བྱུང་རྗེས། ཡུས་ཧྲུའུ་གྲོང་ཁྱེར་སྤྱི་བདེ་ཅུའུ་ཉེས་དོན་ཉེན་རྟོག་རུ་ཆེན་གྱིས་ཞིབ་ཚགས་ངང་རྩད་ཞིབ་བྱས་པ་བརྒྱུད། ཕ་ཡུལ་མགོ་ལོག་ནས་ཡིན་པའི་སྐྱེས་པ་ཐང་ཆེ་གེ་མོ་དང་། སི་ཁྲོན་སེར་ཤུལ་ནས་ཡིན་པའི་སྐྱེས་པ་འཇམ་ཆེ་གེ་མོ་གཉིས་ལ་གྱོད་དོན་བཟོས་པའི་དོགས་གཞི་ཡོད་པས། མགྱོགས་མྱུར་ངང་གཏན་འཁེལ་བྱས་པ་དང་ཆབས་ཅིག ཁུངས་སྣེ་བརྒྱུད་དེ་དོགས་ཡོད་ཉེས་ཅན2སི་ཁྲོན་སེར་ཤུལ་དང་མཚོ་སྔོན་ཡུས་ཧྲུའུ་ས་གནས་གཉིས་སུ་ཕར་འགྲོ་ཚུར་འོང་ཐེངས་མང་པོ་བྱེད་བཞིན་པ་ཤེས་རྟོགས་བྱུང་བ་དང་། གྱོད་སྒྲུབ་མི་དམངས་ཉེན་རྟོག་པས་འཕྲལ་མར་རྗེས་འདེད་འཛིན་བཟུང་གི་བྱ་བ་སྤེལ་བར་མ་ཟད། ད་དུང་སི་ཁྲོན་ཞིང་ཆེན་སེར་ཤུལ་རྫོང་གི་ཉེན་རྟོག་ཕྱོགས་དང་འབྲེལ་བ་བྱས་ཏེ། ཟླ10པའི་ཚེས28ཉིན། དོགས་ཡོད་ཉེས་ཅན་ཡུས་ཧྲུའུ་གྲོང་ཁྱེར་མངའ་ཁོངས་སུ་བདེ་བླག་ངང་འཛིན་བཟུང་བྱས་ཏེ་ཁྲིམས་ལ་སྦྱར།
འདྲི་རྩད་བྱས་པ་བརྒྱུད། དོགས་ཡོད་ཉེས་ཅན་ཐང་ཆེ་གེ་མོ་དང་འཇམ་ཆེ་གེ་མོས་མཚོ་སྔོན་ཡུས་ཧྲུའུ་དང་སི་ཁྲོན་སེར་ཤུལ་གཉིས་སུ་ཁང་པའི་ནང་འཛུལ་ནས་བརྐུས་བྱས་པའི་ཉེས་གསོག་གི་དོན་དངོས་སྦ་གསང་མེད་པར་ཁས་ལེན་བྱས།
མིག་སྔར། གྱོད་གཞི་དེ་ཐུ་མཐུད་དུ་རྩད་ཞིབ་བྱེད་བཞིན་པའི་སྒང་རེད།