ཞི་ཅིན་ཕིང་དང་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཙུང་ཐུང་མུའུ་ཧན་མོ་ཏི་རྣམ་གཉིས་ཀྱིས་ཀྲུང་ཨའི་བར་འབྲེལ་བ་བཙུགས་ནས་ལོ40འཁོར་བར་རྟེན་འབྲེལ་ཞུ་བའི་གློག་འཕྲིན་བཏང་།
ཟླ11པའི་ཚེས1ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཙུང་ཐུང་མུའུ་ཧན་མོ་ཏི་རྣམ་གཉིས་ཀྱིས་ཕན་ཚུན་རྟེན་འབྲེལ་ཞུ་བའི་གློག་འཕྲིན་བཏང་ནས་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ40འཁོར་བར་རྟེན་འབྲེལ་ཞུས།
ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་ཨ་རྒྱལ་ཁབ་གཉིས་ནི་ཕན་ཚུན་ཡིད་ཆེས་བྱེད་པའི་གྲོགས་པོ་བཟང་པོ་དང་མཉམ་ལས་གཉིས་རྒྱལ་གྱི་གྲོགས་པོ་བཟང་པོ་ཡིན། འབྲེལ་བ་བཙུགས་ནས་ལོ40སོང་བའི་རིང་དུ། ཀྲུང་ཨའི་འབྲེལ་བ་སྐྱོན་བྲལ་དང་བརྟན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུ་རྒྱུན་འཁྱོངས་ཐུབ་ཡོད་པ་དང་། རྒྱལ་ཁབ་གཉིས་ཀྱི་ཆབ་སྲིད་ཐད་ཀྱི་ཕན་ཚུན་ཡིད་ཆེས་རྒྱུན་ཆད་མེད་པར་ཇེ་བརྟན་དུ་ཕྱིན་པ། འཕེལ་རྒྱས་ཀྱི་འཐབ་ཇུས་སྦྲེལ་མཐུད་གཏིང་ཟབ་ཐུབ་པ། ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་ལ་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་པ། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་བརྗེ་རེས་ཇེ་ཟབ་ཏུ་ཕྱིན་པ་བཅས་ཀྱི་སྟེང་ནས། ས་ཁུལ་དང་རྒྱལ་སྤྱིའི་ལས་དོན་ཁྲོད་འབྲེལ་གཏུག་དང་མཐུན་སྦྱོར་བཟང་པོ་རྒྱུན་འཁྱོངས་ཐུབ་ཡོད། ད་ལོའི་ཟླ5པར་སྐུ་ཞབས་ཙུང་ཐུང་གིས་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་བའི་རིང་ལ། ང་དང་ཁྱེད་ཀྱི་བར་ལ་ཐུན་མོང་གི་ངོས་འཛིན་གལ་ཆེན་བྱུང་ནས་དུས་སྐབས་རྗེས་མར་ཀྲུང་ཨའི་འབྲེལ་བ་འཕེལ་རྒྱས་སུ་འགྲོ་བར་ཁ་ཕྱོགས་གསལ་སྟོན་བྱས་ཡོད། ངས་ཀྲུང་ཨའི་འབྲེལ་བ་འཕེལ་རྒྱས་འགྲོ་བར་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད་ཅིང་། སྐུ་ཞབས་ཙུང་ཐུང་དང་མཉམ་དུ་འབད་བརྩོན་བྱས་ཏེ་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ40འཁོར་བ་འགོ་འཛུགས་ས་གསར་པར་བརྩིས་ནས། ཀྲུང་ཨའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་ཆུ་ཚད་སྔར་ལས་མཐོ་བའི་སྟེང་སླེབས་རྒྱུར་སྐུལ་འདེད་གཏོང་བ་དང་། ཀྲུང་ཨ་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་དེ་བས་ལེགས་པོ་བསྐྲུན་པ་དང་། དུས་མཚུངས་སུ་ས་ཁུལ་དང་འཛམ་གླིང་གི་ཞི་བདེ་དང་བརྟན་འཇགས་ལ་སྐུལ་འདེད་གཏོང་ཆེད་བྱས་རྗེས་སྔར་ལས་ཆེན་པོ་འཇོག་འདོད་ཡོད་ཅེས་གསུངས།
མོ་ཧན་མོ་ཏི་ཡིས་བསྟན་དོན། ཀྲུང་ཨ་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ40འཁོར་བའི་མཚམས་འདིར། ངས་ཀྲུའུ་ཞི་ཞི་ཅིན་ཕིང་ལ་ལྷག་བསམ་ཟོལ་མེད་ཀྱི་རྟེན་འབྲེལ་དང་སྨོན་འདུན་བཟང་པོ་ཞུ་རྒྱུ་དང་། རྒྱལ་ཁབ་གཉི་ཀ་རྒྱུན་ཆད་མེད་པར་འཕེལ་རྒྱས་དང་དར་རྒྱས་ཡོང་བ་དང་ཁྱབ་ཁོངས་སོ་སོར་མཉམ་ལས་དེ་བས་མང་བ་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་ཀྲུང་ཨའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་སྲ་བརྟན་དང་འཕེལ་རྒྱས་སུ་གཏོང་རྒྱུར་གཞོལ་ནས། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་རྒྱུ་ཡིན་ཟེར།
ཉིན་དེར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་དང་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཙུང་ཐུང་གཞོན་པ་དང་ཙུང་ལིའི་འགན་གཅིག་ལྕོགས་སུ་འཁུར་མཁན་མུའུ་ཧན་མོ་ཏི་རྣམ་གཉིས་ཀྱིས་ཕན་ཚུན་བར་རྟེན་འབྲེལ་ཞུ་བའི་གློག་འཕྲིན་བཏང་། ལིས་ཆང་གིས་ཀྲུང་གོ་ཕྱོགས་ཀྱིས་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ཏེ། ཀྲུང་གོ་དང་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་བར་འབྲེལ་བ་བཙུགས་ནས་ལོ40འཁོར་བ་གོ་སྐབས་སུ་བྱས་ནས། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་མུའུ་ཧན་མོ་ཏི་བར་བཞག་པའི་ཐུན་མོང་གི་ངོས་འཛིན་གལ་ཆེན་དོན་འཁྱོལ་ཡག་པོ་བྱས་ཏེ། ཀྲུང་གོ་དང་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བའི་ནང་དོན་རྒྱུན་ཆད་མེད་པར་ཕུན་སུམ་ཇེ་ཚོགས་སུ་གཏོང་འདོད་ཡོད་ཅེས་གསུངས།
མོ་ཧན་མོ་ཏི་ཡིས་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱིས་ཀྲུང་གོ་ཕྱོགས་དང་ཕྱོགས་གཉིས་ཀྱི་འབྲེལ་བ་ཇེ་ཟབ་ཏུ་བཏང་ནས་ཁྱབ་ཁོངས་ཁག་སོ་སོའི་མཉམ་ལས་ལ་ཤུགས་སྣོན་རྒྱག་འདོད་ཡོད་ཅེས་བསྟན།