རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གཉིས་པའི་མཚོ་སྔོན་ཞིང་ཆེན་གྱི་འཐུས་ཚབ་ཚོགས་པ་བཙུགས་པ།
ཟླ10པའི་ཚེས28ཉིན། རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གཉིས་པའི་མཚོ་སྔོན་ཞིང་ཆེན་གྱི་འཐུས་ཚབ་ཚོགས་པ་བཙུགས་པར་མ་ཟད་འགྲན་ཞུགས་མཛད་སྒོ་དེ་མཚོ་སྔོན་སློབ་ཆེན་དུ་བསྡུས། ཞིང་ཆེན་ཏང་ཨུའི་རྒྱུན་ཨུ། འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་པད་ཁོ་ཡིས་འཐུས་ཚབ་ཚོགས་པར་དར་ཆ་བྱིན་པ་དང་། ཧྲིན་ཀྲང་གཞོན་པ་དབྱང་ཀྲི་ཝུན་གྱི་འཐུས་ཚབ་ཚོགས་པ་དངོས་སུ་བཙུགས་པ་ཁྱབ་བསྒྲགས་བྱས།
རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད། རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་དང་རྒྱལ་ཁབ་ལུས་རྩལ་ཅུའུ་གཉིས་ཀྱིས་གཙོ་སྒྲུབ་བྱས་ཤིང་། ཧེ་ནན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་འགན་སྒྲུབ་བྱས་པའི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གཉིས་པ་དེ་ཟླ11པའི་ཚེས20ཉིན་ནས་ཚེས30ཉིན་བར་ཧེ་ནན་ཞིང་ཆེན་སན་ཡཱ་གྲོང་ཁྱེར་ནས་འཚོག་རྒྱུ་རེད། རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་ལ་ཞུགས་པ་ནི་རྒྱལ་ཡོངས་མི་དམངས་ལ་མཚོ་སྔོན་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་འཕེལ་རྒྱས་ཀྱི་སྟེགས་བུ་ངོམ་པ་མ་ཟད། མཚོ་སྔོན་གྱི་མི་རིགས་ལུས་རྩལ་བྱ་གཞག་འཕེལ་རྒྱས་ལ་བལྟ་བའི་གོ་སྐབས་ལེགས་ཤོས་དེ་རེད།
ཐེངས་འདིའི་ལུས་རྩལ་འགྲན་ཚོགས་སུ། མཚོ་སྔོན་གྱི་ལུས་རྩལ་བ་དང་རྩལ་ཁྲིད་པ་ཉིས་བརྒྱ་བཅུ་གཅིག་ལྷག་འགྲན་སྡུར་རྣམ་གྲངས་བཅུ་དང་འཁྲབ་སྟོན་རྣམ་གྲངས་ལྔར་ཞུགས་ཡོད། དེའི་ཁྲོད་ཀྱི་རྟ་རྩལ་རྣམ་གྲངས་དེ་ད་ལོའི་ཟླ་བདུན་པར་ཞིན་ཅང་ཡུ་གུར་རིགས་རང་སྐྱོང་ལྗོངས་དུ་བསྡུས་པ་དང་། མཚོ་སྔོན་གྱིས་རྟ་རྒྱུགས་ནས་མདའ་འཕེན་པ་དང་རྟ་རྒྱུགས་ནས་ཁ་བཏགས་ལེན་པའི་རྣམ་གྲངས་གཉིས་ལ་ཐུན་མོང་གི་བྱ་དགའ་ཨང་གསུམ་པ་ཐོབ་པ་དང་། རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་ལས་རྟ་རྩལ་འགྲན་སྡུར་གྱི་རྣམ་གྲངས་ཁྲོད་གྲུབ་འབྲས་ལེགས་ཤོས་བླངས་པ་རེད།
འགྲན་སྡུར་ལ་ཞུགས་པའི་རྩལ་ཁྲིད་པ་དང་ལུས་རྩལ་བའི་འཐུས་ཚབ་པས་གཏམ་བཤད་ནས། མཚོ་སྔོན་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་དང་མི་རིགས་ལུས་རྩལ་བྱ་གཞག་ཐད་གཟི་བརྗིད་བརྩོན་ལེན་བྱེད་པའི་འགན་འཁྲི་ཕྲག་ཏུ་ལེན་པ་དང་། ཞིང་ཆེན་ཡོངས་ཀྱི་མི་རིགས་སོ་སོའི་མི་དམངས་ཀྱི་རེ་འདུན་སེམས་སུ་ཉར་ནས་མཐུན་སྒྲིལ་ཡར་བརྩོན་དང་། མ་སྐུལ་དང་བླངས། རང་གཅུན་ནན་མོ་བཅས་བྱས་ནས། འགྲན་སྡུར་གྱི་ཡུལ་དངོས་སུ་མཐོ་སྒང་གི་བུ་དང་བུ་མོའི་འགྲན་སློང་བྱེད་ཕོད་ལ་མཐུན་སྒྲིལ་ཡར་བརྩོན་གྱི་སྙིང་སྟོབས་མཚོན་གང་ཐུབ་བྱེད་པ་དང་། ལུས་རྩལ་གྲུབ་འབྲས་དང་བསམ་པའི་དཔལ་ཡོན་གཉིས་ཀྱི་ཐད་འབྲས་བཟང་བླངས་ཏེ། རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཞིང་ཆེན་འཛུགས་པར་སྔར་ལས་བྱས་རྗེས་འཇོག་རྒྱུ་ཡིན་ཞེས་བསྟན།