ཉེ་སྔོན། མཚོ་སྔོན་མེན་ཧོ་ཧེ་རིགས་ཧོར་རིགས་རང་སྐྱོང་རྫོང་ཁྲོན་ཁུག་མངགས་གཏོང་ལ་མངའ་ཁུལ་གྱི་མང་ཚོགས་ཀྲོའོ་ཆེ་གེ་མོས་གྱོད་དོན་སྙན་སེང་ཞུས་ཏེ། ཝང་ཆེ་གེ་མོས་སློབ་གྲྭ་ག་གེ་མོའི་འཛིན་གྲྭའི་སྐད་འཕྲིན་ཚོགས་པའི་ནང་དུ་གཞན་ལ་དམའ་འབེབས་བྱེད་བཞིན་ཡོད་པས་ཐག་གཅོད་བྱེད་པར་རེ་ཞུ་བྱས། སྙན་སེང་འབྱོར་རྗེས་གཉེན་རྟོག་ཕྱོགས་ཀྱིས་མགྱོགས་མྱུར་ངང་ཞིབ་བཤེར་བྱས།
ཞིབ་བཤེར་བྱས་པ་བརྒྱུད། 2024ལོའི་ཟླ10པའི་ཚེས12ཉིན་གྱི་དགོང་མོའི་ཆུ་ཚོད7ཡས་མས་སུ། ཝང་ཆེ་གེ་མོས་ཆང་འཐུང་རྗེས་འཛིན་གྲྭའི་ཁྱིམ་བདག་སྐད་འཕྲིན་ཚོགས་པའི་ནང་དུ་བྱིས་པའི་རྒྱུགས་འབྲས་ལ་ལྟ་སྐབས། བྱིས་པའི་རྒྱུགས་འབྲས་ལ་ཡིད་མ་ཚིམ་པས་ཚོགས་པ་དེའི་ནང་དུ་བསླབ་ཚན་སོ་སོའི་བསྡོམས་སྐར་གསལ་པོར་དྲིས། དགེ་རྒན་གྱིས་ལན་བཏབ་པའི་བསྡོམས་སྐར་མཐོང་རྗེས། ཝང་ཆེ་གེ་མོས་དགེ་རྒན་གྱིས་བསྐུར་པའི་སྐར་གྲངས་དང་བྱིས་པས་བཤད་པའི་བསྡོམས་སྐར་གཅིག་མཐུན་མིན་པ་རྒྱུ་མཚན་དུ་བྱས་ནས། ཚོགས་པའི་ནང་དུ་སྐད་ཆའི་ལམ་ནས་དགེ་རྒན་ལ་དམའ་འབེབས་དང་མ་རབས་ཐ་ཤལ་གྱི་སྐད་ཆ་བཤད།
རྗེས་སུ་ཁྲིམས་འགལ་བྱ་སྤྱོད་སྤེལ་མཁན་གྱིས་གོང་གསལ་གྱི་དོན་དངོས་ཁས་ལེན་ཡང་དག་བྱས། ཝང་ཆེ་གེ་མོས་རང་ཉིད་ཀྱི་ཧོལ་རྒྱུག་བྱ་སྤྱོད་ལ་འགྱོད་བཤགས་བྱས་ཤིང་། ཁྲོན་ཁུག་མངགས་གཏོང་ཁང་གིས་ཁོ་ལ་སྲིད་འཛིན་བཀག་ཉར་ཉིན4ཡི་ཆད་གཅོད་བྱས།