རི་སྐྱེས་སྲོག་ཆགས་དང་སྐྱེ་དངོས་ཁྲིམས་འགལ་སྒོས་ཉོ་ཚོང་བྱེད་པའི་རྡུང་རྡེག་གཏོང་བའི་ཆེད་དོན་ཁྲིམས་འཛིན་འགུལ་སྐྱོད་ལ་ཕན་འབྲས་མངོན་གསལ་ཐོབ།
ཉེ་ལམ་གསར་འགོད་པས་རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུའུ་ནས་རྒྱུས་ལོན་པ་ལྟར་ན། སྡེ་ཁག11གིས་མཉམ་འབྲེལ་སྒོས་སྤེལ་བའི་དུས་ཡུན་ཟླ་གསུམ་གྱི་རི་སྐྱེས་སྲོག་ཆགས་དང་སྐྱེ་དངོས་ཁྲིམས་འགལ་སྒོས་ཉོ་ཚོང་བྱེད་པར་རྡུང་རྡེག་གཏོང་བའི་ཆེད་དོན་ཁྲིམས་འཛིན་འགུལ་སྐྱོད་དེ“2024ལོའི་སྤྱོད་གཙང་འགུལ་སྐྱོད”ཁྲོད། རི་སྐྱེས་སྲོག་ཆགས་དང་སྐྱེ་དངོས་ཀྱི་ཐོན་ཁུངས་ལ་གཏོར་བརླག་གཏོང་བའི་གྱོད་གཞི་འབོར་ཆེན་ཞིབ་གཅོད་བྱས་པ་དང་། རི་སྐྱེས་སྲོག་ཆགས་དང་སྐྱེ་དངོས་ཁྲིམས་འགལ་ཉོ་ཚོང་བྱ་འགུལ་ལ་བཀག་འགོག་བྱས།
ད་ལོའི་ཟླ4པ་ནས་ཟླ6པའི་བར། རྒྱལ་ཁབ་ནགས་རྩྭ་ཅུའུ་དང་། ཞིང་ལས་ཞིང་སྡེ་པུའུ། ཀྲུང་དབྱང་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་། རྒྱལ་ཁབ་ཁྲོམ་རའི་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུའུ་སོགས་སྡེ་ཁག11གིས་རྒྱལ་ཡོངས་ཀྱི་ཁྱབ་ཁོངས་ནང་ཁྲིམས་འགལ་གྱིས་རི་དྭགས་རྔོན་པ་དང་། བསྡུ་ལེན་བྱེད་པ། མིས་ཐབས་ལ་བརྟེན་ནས་གསོ་སྤེལ་བྱེད་པ། ཕྱིར་འཚོང་དང་ཉོ་སྒྲུབ། སྐྱེལ་འདྲེན། སྐུར་བ། བཟའ་བ། གཉེར་སྐྱོང་བེད་སྤྱོད། རི་སྐྱེས་སྲོག་ཆགས་དང་སྐྱེ་དངོས་ཀྱི་ཐོན་ཁུངས་ཕྱིར་གཏོང་ནང་འདྲེན་བཅས་ལ་རྡུང་རྡེག་གཏོང་རྒྱུ་གཙོ་བོར་བྱས་པའི“2024ལོའི་སྤྱོད་གཙང་འགུལ་སྐྱོད”སྤེལ།
འགུལ་སྐྱོད་སྤེལ་སྐབས། རྒྱལ་ཡོངས་ཀྱིས་ཁྲིམས་འཛིན་རླངས་འཁོར་ཐེངས་འབུམ་གསུམ་དང་ཁྲི་ལྔ་ལྷག་ཙམ་བཏང་བ་དང་ཁྲིམས་འཛིན་མི་སྣ་མི་ཐེངས་ས་ཡ་གཅིག་དང་ཁྲི་དྲུག་ཙམ་བཏང་། རི་སྐྱེས་སྲོག་ཆགས་འཚོ་སྡོད་ས་ཁུལ་དང་། མིས་ཐབས་ལ་བརྟེན་ནས་རྒྱུད་སྤེལ་བྱ་ཡུལ། ཚོང་གཉེར་བེད་སྤྱོད་བྱ་ཡུལ་སོགས་རིགས་སོ་སོའི་བྱ་འགུལ་སྤེལ་ཡུལ་འབུམ་བདུན་དང་ཁྲི་དགུ་ལྷག་ལ་ལྟ་སྐུལ་ཞིབ་བཤེར་བྱས། རི་སྐྱེས་སྲོག་ཆགས་དང་སྐྱེ་དངོས་ཀྱི་གྱོད་གཞི་ཁྲི་གཅིག་ལྷག་ཙམ་ཞིབ་གཅོད་བྱས་པའི་ནང་ཉེས་དོན་གྱོད་གཞི5567ཡོད། ཉེས་གསོག་ཚོགས་པ537མེད་པར་བཟོས་པ་དང་། ཁྲིམས་འགལ་ཉེས་གསོག་མི་སྣ་ཁྲི་གཅིག་དང་སྟོང་གཅིག་ལ་རྡུང་རྡེག་དང་ཐག་གཅོད་བྱས། རི་སྐྱེས་སྲོག་ཆགས་དང་སྐྱེ་དངོས་འབུམ་བདུན་ལྷག་དང་། རི་སྐྱེས་སྲོག་ཆགས་དང་སྐྱེ་དངོས་ཀྱི་ཐོན་རྫས་འབུམ་གཅིག་དང་ཁྲི་དྲུག་ལྷག ཁྲིམས་འགལ་རྔོན་ཆས་ཁྲི་བཞི་ལྷག ཁྲིམས་འགལ་གྱི་ཐོབ་ཆ་སྒོར་བྱེ་བ་བཞི་དང་ས་ཡ་གསུམ་འབུམ་དྲུག་ཁྲི་དགུ་གཞུང་བཞེས་བཏང་བ་དང་དངུལ་ཆད་སྒོར་བྱེ་བ་གཅིག་དང་ས་ཡ་གཅིག་འབུམ་གཅིག་ཁྲི་གཉིས་བཅད།
རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུའུ་ཡི་འབྲེལ་ཡོད་འགན་འཁུར་པས་བསྟན་དོན། རི་སྐྱེས་སྲོག་ཆགས་དང་སྐྱེ་དངོས་ཀྱི་ཁྲིམས་འགལ་ཉོ་ཚོང་ལ་རྡུང་རྡེག་གཏོང་བའི་པུའུ་བར་གྱི་མཉམ་འབྲེལ་ཚོགས་འདུའི་ལམ་ལུགས་ཀྱིས་གཙོ་གནད་རྡུང་རྡེག་དང་ཕྱོགས་བསྡུས་བཅོས་སྒྲིག་ཟུང་འབྲེལ་བྱས་པ་དང་། དྲ་ཐོག་དང་དྲ་འོག་མཉམ་སྦྲེལ་བྱས་ལ། འབྱུང་རྩ་ནས་འབྲེལ་ཐག་མེད་པར་བཟོ་བ་བཅས་གལ་ཆེ་མཉམ་འཛིན་གྱི་བྱ་བའི་ཁ་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། སྡེ་ཁག་སོ་སོའི་མཉམ་ལས་གཞོགས་འདེགས་ལ་ཤུགས་བསྣན་ནས། རི་སྐྱེས་སྲོག་ཆགས་དང་སྐྱེ་དངོས་ཀྱི་ཕྲེང་འབྲེལ་ཧྲིལ་པོའི་སྲུང་སྐྱོང་དྲ་རྒྱ་ཇེ་བརྟན་དུ་གཏང་རྒྱུ་ཡིན་ཟེར།