མདུན་ངོས། བློ་སྟོན་ཁྲིམས་ཁང་། བཅའ་ཁྲིམས་རྒྱུན་ཤེས། གངས་ལྗོངས་ཁྲིམས་ར། དཔེ་མཚོན་གྱོད་དཔེ། རྩོམ་རིག བརྙན་ཟློས།

ཝུའུ་ཞའོ་ཅུན་གྱིས་རྒྱལ་སྟོན་དུས་ཆེན་སྐབས་ཀྱི་འཕྲལ་བསྟུན་ལས་རེས་སོགས་ཀྱི་བྱ་བར་རྟོག་ཞིབ་བྱས་པ།

  2024-10-05 20:12:22 

ཝུའུ་ཞའོ་ཅུན་གྱིས་རྒྱལ་སྟོན་དུས་ཆེན་སྐབས་ཀྱི་འཕྲལ་བསྟུན་ལས་རེས་དང་ཚོང་དོན་འཛད་སྤྱོད་སོགས་ཀྱི་བྱ་བར་རྟོག་ཞིབ་བྱས་པ།

ཟླ10པའི་ཚེས4ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་རྒྱལ་སྟོན་དུས་ཆེན་སྐབས་ཀྱི་འཕྲལ་བསྟུན་ལས་རེས་དང་ཚོང་དོན་འཛད་སྤྱོད་སོགས་ཀྱི་བྱ་བར་རྟོག་ཞིབ་བྱེད་སྐབས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱ་བའི་བཀོད་སྒྲིག་ལྟར། སེམས་རྣལ་དུ་ཕབ་ནས་བདེ་འཇགས་སྲུང་འཛིན་དང་འཛད་སྤྱོད་ལ་སྐུལ་འདེད་གཏོང་བ་དང་། གསོན་ཤུགས་སྐུལ་སྤེལ་བྱས་ཏེ། རྒྱ་ཆེའི་མང་ཚོགས་རྣམས་ཀྱིས་སྤྲོ་དགའི་ངང་རྒྱལ་སྟོན་དུས་ཆེན་རོལ་དུ་འཇུག་དགོས། 

ཝུའུ་ཞའོ་ཅུན་ཐོག་མར་ཞིང་ཆེན་སྲིད་གཞུང་གི་སྤྱིའི་ལས་རེས་ཁང་དུ་ཡོང་ནས། བརྙན་ལམ་བརྒྱུད་དེ་ཞིང་ཆེན་རིག་གནས་ཡུལ་སྐོར་ཐིན་དང་ཞིང་ཆེན་འཕྲལ་བསྟུན་དོ་དམ་ཐིན། ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིན། ཟི་ལིང་གྲོང་ཁྱེར་བཅས་ཀྱི་ལས་རེས་ལས་སྲུང་གནས་ཚུལ་ལ་ཞིབ་བཤེར་བཀོད་གཏོང་བྱས་ནས། རྒྱལ་སྟོན་དུས་ཆེན་སྐབས་ཀྱི་བྱ་བ་གཙོ་བོ་དོན་འཁྱོལ་གནས་ཚུལ་རྒྱུས་ལོན་བྱས། ཁོས་བསྟན་དོན། དོ་དམ་གསུམ་དང་ངེས་པར་དུ་གསུམ་གྱི་བླང་བྱ་དོན་འཁྱོལ་ནན་མོ་བྱེད་ཅིང་། ཡུལ་སྐོར་སྒྲིག་སྲོལ་དང་བགྲོད་ལམ་འགྲིམ་འགྲུལ། ས་གཤིས་གནོད་འཚེ། བདེ་འཇགས་ཐོན་སྐྱེད་སོགས་ཁྱབ་ཁོངས་གཙོ་བོ་དང་ཉམས་ཞན་ལས་རིམ་ལ་དམ་པོར་དམིགས་ནས། དུས་ཐོག་ཏུ་མི་མངོན་པའི་ཉེན་ཁ་གྲལ་བཤེར་དང་སེལ་ཐབས་བྱེད་པ་དང་། མི་སྣ་མང་བོ་འདུས་སྡོད་བྱེད་སའི་སྤྱི་བའི་བདེ་འཇགས་དང་བདེ་སྐྱོང་བདེ་འཇགས། མེ་འགོག་མེ་གསོད་བདེ་འཇགས་ཆུ་ཚད་བཅས་མཐོར་འདེགས་བཏང་སྟེ། གནམ་གཤིས་མི་ལེགས་པའི་སྐབས་ཀྱི་འཕྲལ་བསྟུན་འགན་སྲུང་བྱེད་ཐབས་ལ་ཤུགས་སྣོན་པ་དང་། དོན་རྐྱེན་ཚབས་ཆེན་འབྱུང་བར་མཐའ་གཅིག་ཏུ་དོགས་ཟོན་དང་ཚོད་འཛིན་བྱེད་དགོས། 

ཝུའུ་ཞའོ་ཅུན་གྱིས་ཟི་ལིང་གྲོང་ཁྱེར་དམིགས་བསལ་རྣོ་ལྕགས་མ་རྐང་ཚད་ཡོད་ཀུང་ཟིའི་ནས་ཁེ་ལས་ཀྱི་ཐོན་སྐྱེད་ཚོང་གཉེར་དང་། ནུས་ཁུངས་གྲོན་ཆུང་བསྒྱུར་བཀོད། བདེ་འཇགས་ཐོན་སྐྱེད་སོགས་ཀྱི་གནས་ཚུལ་རྒྱུས་ལོན་ཞིབ་མོ་བྱས་ཤིང་། ཡུལ་དངོས་སུ་ཁེ་ལས་ཀྱི་ལས་གཞི་འཛུགས་སྐྲུན་གནས་ཚུལ་ལྟ་ཞིབ་བྱས་པ་དང་། ཡུལ་དངོས་ནས་ཁེ་ལས་ཀྱི་རེ་འདུན་ཉན་ཞིང་ཐག་གཅོད་བྱས། ཁོས་བཤད་རྒྱུར། ཟི་ལིང་དམིགས་བསལ་རྣོ་ལྕགས་ལས་རིགས་དེ་ཚུལ་བསྒྱུར་འཕེལ་རྒྱས་ཀྱི་འགག་རྩའི་དུས་སྐབས་སུ་སླེབས་ཡོད་པས། རྒྱལ་ཁབ་ཀྱི་འཕེལ་རྒྱས་འཐབ་ཇུས་ཁྲོད་འདྲེས་པར་བྱས་ནས། བརྟན་བརླིང་འཕེལ་རྒྱས་དང་སྤུས་ནུས་མཐོར་འདེགས་གཏོང་བ་རྒྱུན་འཁྱོངས་བྱེད་ཅིང་། མགྱོགས་མྱུར་ངང་གཞི་གྲངས་ཅན་དང་ལྗང་མདོག་ཅན། ཐཱན་དམའ་ཅན་བཅས་ལ་ཚུལ་སྒྱུར་བྱེད་པ་དང་། བདེ་འཇགས་ཐོན་སྐྱེད་གཞི་གྲངས་ཅན་གྱི་དོ་དམ་ཆུ་ཚད་ཇེ་མཐོར་གཏོང་བ། ཐོན་ལས་ཕྲེང་སྦྲེལ་གྱི་གོང་འོག་ཚང་མའི་མཉམ་ལས་མཉམ་སྡེབ་ཟབ་སྤེལ་བྱས་ཏེ། ཁེ་ལས་ཀྱི་ཐོན་ཚད་ཇེ་མང་དུ་གཏོང་བ་དང་། ཁེ་ཕན་ཇེ་བཟང་དུ་གཏོང་བ། ཚོང་རྟགས་བསྐྲུན་པ་བཅས་ལ་སྐུལ་འདེད་གཏོང་དགོས།

དེའི་རྗེས། ཝུའུ་ཞའོ་ཅུན་མཚོ་བོད་མཐོ་སྒང་ཞིང་ཞོར་ཐོན་རྫས་སྡུད་འགྲེམ་ལྟེ་གནས་སུ་ཡོང་ནས་ཁྲོམ་རའི་མཁོ་འདོན་དང་། རིན་གོང་འཕར་ཆག བདེ་འཇགས་ལྟ་སྐུལ་དོ་དམ་སོགས་ཕྱོགས་ཀྱི་གནས་ཚུལ་རྒྱུས་ལོན་ཞིབ་མོ་བྱས་པར་མ་ཟད། ཚོང་བདག་དང་བྱམས་བརྩེའི་བརྗེ་རེས་བྱས་ནས། ཚང་མར་དུས་ཆེན་གྱི་རྟེན་འབྲེལ་ཞུས་ཤིང་། ཚང་མའི་ཚོང་ལས་ཇེ་རྒྱས་སུ་འགྲོ་བ་དང་འཚོ་བ་སྔར་ལས་བདེ་སྐྱིད་ལྡན་པའི་སྐུལ་མ་བཏང་། ཁོས་ནན་གྱིས་བསྟན་དོན། བརྒྱུད་རིམ་ཧྲིལ་བོའི་ཟས་རིགས་བདེ་འཇགས་ལྟ་སྐུལ་དོ་དམ་མ་ལག་འཐུས་ཚང་འཛུགས་པ་དང་། དུས་ཆེན་སྐབས་ཀྱི་རྒྱུན་མཁོའི་དངོས་རྫས་ཀྱི་སྤུས་ཀ་ལེགས་ཤིང་རིན་གོང་བདེ་ལ་གྲངས་ཚད་འདང་ངེས་ཡོད་པར་ཁག་ཐེག་བྱས་ཏེ། མང་ཚོགས་ཀྱི་བཟའ་བཏུང་བདེ་འཇགས་ལ་སྲུང་སྐྱོང་ལེགས་པོ་བྱེད་དགོས།

མཚོ་སྔོན་རྒྱལ་སྤྱིའི་འགྲེམ་སྟོན་ལྟེ་གནས་ཀྱི་ཟི་ལིང་རྒྱལ་སྤྱིའི་རླངས་འཁོར་འགྲེམ་སྟོན་ཡུལ་དངོས་སུ་མི་མང་འདུས་ཡོད། ཝུའུ་ཞའོ་ཅུན་རླངས་འཁོར་ཚོང་རྟགས་འགྲེལ་ཁུལ་མང་པོར་སོང་ནས་འབྲེལ་ཡོད་འགན་ཁུར་མི་སྣ་དང་ཡུལ་དངོས་ཀྱི་མང་ཚོགས་ལ་བརྗེ་རེས་ཟབ་མོ་བྱས་ཏེ། རླངས་འཁོར་ཉོ་ཚོང་དང་རྙིང་ཚབ་གསར་པརྗེ་ཡི་སྲིད་ཇུས་ཁ་གསབ་དོན་འཁྱོལ་སོགས་ཀྱི་གནས་ཚུལ་ཞིབ་མོར་དྲིས། ཁོས་བསྟན་དོན། འཛད་སྤྱོད་ལ་སྐུལ་འདེད་གཏོང་བ་དང་དམངས་ཚིས་ལ་ཕན་བདེ་བསྐྲུན་པ་གཉིས་ཟུང་འབྲེལ་བྱེད་པ་དང་། གལ་ཆེན་གཉིས་དང་གསར་པ་གཉིས་ཀྱི་སྲིད་ཇུས་བེད་སྤྱོད་ལེགས་པོ་བྱེད་ཅིང་། འཛད་སྤྱོད་ཀྱི་སྦས་ཤུགས་ཕྱིར་གཏོང་གང་ལེགས་བྱས་ནས། གསར་དར་འཛད་སྤྱོད་ལས་རྣམ་སྐྱེད་སྲིང་བྱེད་པ་དང་། ཕྱོགས་ཡོངས་ནས་ཁྲོམ་རའི་གསོན་ཤུགས་སྐུལ་སྤེལ་བྱེད་དགོས།

རྟོག་ཞིབ་བརྒྱུད་རིམ་ཁྲོད། ཝུའུ་ཞའོ་ཅུན་གྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ནས་ལས་ཡུལ་དང་པོ་བརྟན་སྲུང་བྱེད་པའི་ཞིང་ཆེན་ཡོངས་ཀྱི་ཏང་ཡོན་ལས་བྱེད་ལས་བཟོ་པ་རྣམས་ལ་འཚམས་འདྲི་ཞུས། ཁོས་ནན་གྱིས་བསྟན་དོན། དུས་ཚིགས་བཞི་པ་ནི་ལོ་ཧྲིལ་བོའི་དམིགས་འབེན་ལས་འགན་སྣ་ཚོགས་ལ་སྙེགས་པའི་འགག་སྒྲོལ་དུས་རིམ་ཡིན་པས། ས་གནས་སོ་སོ་དང་སྡེ་ཁག་སོ་སོས་དུས་ཚོད་དམ་འཛིན་བྱེད་པའི་དགོས་གཏུག་འདུ་ཤེས་བཟུང་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཧུར་བརྩོན་རང་བཞིན་དང་རང་འགུལ་རང་བཞིན། གསར་སྐྲུན་རང་བཞིན་ལ་ཤུགས་སྣོན་པ་དང་། ནུས་ཤུགས་ཡོད་རྒུས་བརྟན་བརླིང་འཕེལ་རྒྱས་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། དམངས་ཚིས་ལ་ཕན་བདེ་བསྐྲུན་པ། ཉེན་ཁ་སྔོན་འགོག་བྱེད་པ་སོགས་ཀྱི་བྱ་བ་སྣ་ཚོགས་ལེགས་པོར་བསྒྲུབ་སྟེ། དཔལ་འབྱོར་བཟང་ཕྱོགས་སུ་འཕེལ་བ་དང་། སྤྱི་ཚོགས་འཆམ་མཐུན་གཏན་འཇགས་ཡོང་བ། མི་དམངས་བདེ་བར་གནས་ཤིང་ལས་ལ་བརྩོན་པ་བཅས་ལ་སྐུལ་འདེད་གཏོང་དགོས།

ལིས་ཧོང་ཡཱ་རྟོག་ཞིབ་ལ་ཞུགས།


རྩོམ་སྒྲིག་པ། ནམ་མཁའ་ཚེ་རིང་།