མདུན་ངོས། བློ་སྟོན་ཁྲིམས་ཁང་། བཅའ་ཁྲིམས་རྒྱུན་ཤེས། གངས་ལྗོངས་ཁྲིམས་ར། དཔེ་མཚོན་གྱོད་དཔེ། རྩོམ་རིག བརྙན་ཟློས།

ཁྲིན་ཝུན་ཆིན་གྱིས་ནར་མ་སོན་པའི་མིས་ནག་ཉེས་བཟོ་བར་སྔོན་འགོག་དང་བཅོས་སྐྱོང་ལ་ཤུགས་སྣོན་དགོས་པའི་བགྲོ་གླེང་ཚོགས་འདུའི་སྟེང་གཏམ་བཤད།

  2024-09-20 15:27:48 

ཟླ9པའི་ཚེས18ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཁྲིན་ཝུན་ཆིན་གྱིས་ནར་མ་སོན་པའི་མིས་ནག་ཉེས་བཟོ་བར་སྔོན་འགོག་དང་བཅོས་སྐྱོང་ལ་ཤུགས་སྣོན་དགོས་པའི་བགྲོ་གླེང་ཚོགས་འདུའི་སྟེང་དུ། ཞི་ཅིན་ཕིང་གིས་ཁྲིམས་སྐྱོང་དགོངས་པ་ཕྱོགས་ཡོངས་ནས་ལག་བསྟར་བྱ་རྒྱུ་དང་། དམ་ལྷོད་ཟུང་འབྲེལ་གྱི་ཉེས་དོན་སྲིད་ཇུས་ལག་བསྟར་བྱས་ཏེ། འབྱུང་རྩ་ནས་སྔོན་འགོག་དང་རིམ་དབྱེ་ཡོ་བསྲང་། ཁྲིམས་ལྟར་ཆད་གཅོད། ཕྱོགས་བསྡུས་བཅོས་སྐྱོང་བཅས་བྱེད་པ་ནས་མགོ་བརྩམས་ཏེ། ནར་མ་སོན་པའི་མིས་ནག་ཉེས་བཟོ་བར་སྔོན་འགོག་དང་ཆད་གཅོད་ལས་དོན་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་དགོས་ཞེས་ནན་གྱིས་གསུངས།

ཁྲིན་ཝུན་ཆིན་གྱིས་འབྱུང་རྩ་ནས་སྔོན་འགོག་བྱ་བར་དམ་པོར་དམིགས་པ་དང་། སྲིད་ཁྲིམས་ལས་ཁུངས་ཀྱི་འགན་ནུས་དངོས་ནས་རྐང་ཚུགས་པར་བྱས་ཏེ་ཁྲིམས་ལྟར་འགན་འཁྲི་བསྒྲུབ་པ། ཁྱིམ་ཚང་གི་འགོག་སྲུང་འཛིང་རགས་དང་པོ་དང་སློབ་གྲྭའི་གཡུལ་ས་གཙོ་བོའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། ནར་མ་སོན་པའི་མིའི་ལྟ་སྐྱོང་དང་སློབ་གསོའི་ལས་དོན་ལ་ཤུགས་སྣོན་རྒྱུར་སྐུལ་འདེད་གཏོང་བ། གྱོད་གཞི་དང་འབྲེལ་བ་ཡོད་པ་དང་དོ་དམ་མི་ཐུབ་པའི་ནར་མ་སོན་པའི་མིའི་སློབ་གསོའི་གནད་དོན་ཐག་གཅོད་ནུས་ལྡན་བཅས་བྱས་ནས། ནར་མ་སོན་པའི་མིས་ཁྲིམས་འགལ་ངང་ནག་ཉེས་བཟོ་བ་འབྱུང་རྩ་ནས་སྔོན་འགོག་བྱ་དགོས། རིམ་དབྱེ་ཡོ་བསྲང་བྱེད་པར་དམིགས་ནས་བཅའ་ཁྲིམས་ལྟར་ཡོ་བསྲང་སློབ་གསོ་དང་ཆེད་དམིགས་སློབ་གསོ། ཆེད་དམིགས་ཡོ་བསྲང་སློབ་གསོ་བཅས་སྤེལ་ཏེ། ཆེད་དམིགས་སློབ་གྲྭ་འཛུགས་སྐྱོང་བྱེད་པར་སྐུལ་འདེད་གཏོང་བ་དང་། ཆེད་དམིགས་ཡོ་བསྲང་སློབ་གསོའི་གཏན་འབེབས་བཟོས་ཏེ། བྱ་སྤྱོད་ངན་པ་ཚབས་ཆེན་གྱི་རིགས་སྤེལ་མཁན་གྱི་ནར་མ་སོན་པའི་མིར་དོ་དམ་བྱེད་མཁན་ཡོད་པ་དང་དོ་དམ་བྱེད་ཐུབ་པ། དོ་དམ་ལེགས་པོ་བྱེད་ཐུབ་པ་བཅས་ཀྱི་ཐད་འགན་ལེན་ཏན་ཏིག་བྱ་དགོས། ཁྲིམས་ལྟར་ཉེས་ཆད་གཅོད་པར་དམིགས་ནས་དམིགས་བསལ་གྱི་སྔོན་འགོག་དང་སྤྱིར་བཏང་གི་སྔོན་འགོག་གཅིག་གྱུར་གྱིས་འཆར་འགོད་བྱེད་པ་དང་། ནར་མ་སོན་པའི་མིས་ནག་ཉེས་ཚབས་ཆེན་བསགས་རིགས་ལ་ཞིབ་དཔྱད་ཆོག་འཐུས་དང་བདའ་འདེད་ཁྲིམས་སྦྱོར་བྱེད་པའི་ཆ་རྐྱེན་དང་གོ་རིམ་སྔར་ལས་འཐུས་ཚང་དུ་བཏང་ནས། ཉེས་འགན་དང་ཉེས་ཆད་བཅས་ཕན་ཚུན་འཚམ་པར་བྱ་དགོས། ཕྱོགས་བསྡུས་བཅོས་སྐྱོང་ལ་དམིགས་ནས་འགན་ནུས་སྡེ་ཁག་དང་མཉམ་དུ། སློབ་གྲྭའི་མཐའ་འཁོར་གྱི་ཁོར་ཡུག་བཅོས་སྒྲིག་མུ་མཐུད་ལེགས་བཅོས་བྱས་ཏེ། གཙོ་གནད་ཁུལ་དུ་ཁྲིམས་འཛིན་ཞིབ་བཤེར་བྱ་རྒྱུར་ཤུགས་སྣོན་པ་དང་། ནར་མ་སོན་པའི་མིའི་ལུས་སེམས་བདེ་ཐང་ལ་གནོད་འཚེ་བཟོ་བའི་དྲ་རྒྱའི་གནད་དོན་ལ་བཅོས་སྒྲིག་མཐའ་གཅིག་ཏུ་བྱ་དགོས།

ཁྲིན་ཝུན་ཆིན་གྱིས་ཏང་གིས་ནར་མ་སོན་པའི་མིས་ནག་ཉེས་བཟོ་བར་སྔོན་འགོག་དང་ཆད་གཅོད་ལས་དོན་ལ་མགོ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། ཀྲུང་དབྱང་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གིས་སྤྱི་འདོམས་མཐུན་སྦྱོར་དང་ལྟ་སྐུལ་དོན་འཁྱོལ་གྱི་འགན་ནུས་འདོན་སྤེལ་ཡག་པོ་བྱེད་པ། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་བཅའ་ཁྲིམས་ལྟ་སྐུལ་ལས་ཁུངས་ཀྱི་ནུས་པ་འདོན་སྤེལ་བྱེད་པ། འབྲེལ་ཡོད་འགན་ནུས་སྡེ་ཁག་དང་མང་ཚོགས་ཚོགས་པའི་རྩ་འཛུགས་ཀྱིས་ཕྱོགས་བསྡུས་བཅོས་སྐྱོང་གི་མཉམ་ཤུགས་གྲུབ་པར་བྱེད་པ་བཅས་བྱས་ཏེ། མཉམ་དུ་ལས་དོན་ཡག་པོ་སྒྲུབ་དགོས་པའི་ནན་བཤད་བྱས།

དབྱིན་ཡུང་གིས་བགྲོ་གླེང་ཚོགས་འདུར་མགོ་འཛིན་བྱས།

རྩོམ་སྒྲིག་པ། མཁའ་འབུམ་རྒྱལ།