མདུན་ངོས། བློ་སྟོན་ཁྲིམས་ཁང་། བཅའ་ཁྲིམས་རྒྱུན་ཤེས། གངས་ལྗོངས་ཁྲིམས་ར། དཔེ་མཚོན་གྱོད་དཔེ། རྩོམ་རིག བརྙན་ཟློས།

ལིས་ཆང་གིས་ཁྲིམས་ཀྱིས་གཏན་འཁེལ་བྱས་པའི་ལས་འཁྱུར་ངལ་གསོའི་ལོ་ཚོད་རིམ་པ་བཞིན་འགོར་འགྱངས་གཏོང་བའི་བྱ་བའི་སྐུལ་སློང་བཀོད་སྒྲིག་གི་བརྙན་རིས་གྲོས་ཚོགས་སྟེང་གསུང་བཤད་གལ་ཆེན་གནང་།

  2024-09-20 15:30:44 

ཟླ9པའི་ཚེས19ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཁྲིམས་ཀྱིས་གཏན་འཁེལ་བྱས་པའི་ལས་འཁྱུར་ངལ་གསོའི་ལོ་ཚོད་རིམ་པ་བཞིན་འགོར་འགྱངས་གཏོང་བའི་བྱ་བའི་སྐུལ་སློང་བཀོད་སྒྲིག་གི་བརྙན་རིས་གྲོས་ཚོགས་བསྡུས་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་གྲོས་ཚོགས་སྟེང་དུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་མོ་བྱ་རྒྱུ་དང་། ཁྲིམས་ཀྱིས་གཏན་འཁེལ་བྱས་པའི་ལས་འཁྱུར་ངལ་གསོའི་ལོ་ཚོད་རིམ་བཞིན་འགོར་འགྱངས་གཏོང་བའི་བཅོས་བསྒྱུར་ལས་དོན་བརྟན་ལ་གོ་རིམ་ལྡན་པའི་སྒོ་ནས་ལག་བསྟར་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་ཆེད་འདེགས་སྐྱོར་གལ་ཆེན་འདོན་སྤྲོད་བྱ་དགོས་ཞེས་ནན་བཤད་གནང་།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏེན་ཞུའེ་ཞང་དང་། རྒྱལ་སྲིད་ཨུ་ཡོན་ཝུའུ་ཀྲིན་ལུང་ཚོགས་འདུར་ཞུགས། རྒྱལ་སྲིད་ཨུ་ཡོན་ཧྲིན་དབྱི་ཆིན་གྱིས་ཚོགས་འདུར་མགོ་འཛིན་བྱས།

ལིས་ཆང་གིས་ཁྲིམས་ཀྱིས་གཏན་འཁེལ་བྱས་པའི་ལས་འཁྱུར་ངལ་གསོའི་ལོ་ཚོད་རིམ་པ་བཞིན་འགོར་འགྱངས་གཏོང་བའི་བཅོས་བསྒྱུར་ལག་བསྟར་བྱ་རྒྱུ་དེ་ནི། ཏང་ཀྲུང་དབྱང་གིས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་གི་སྤྱི་ཡོངས་དང་བསྟུན་ནས་བཏོན་པའི་ཐབས་ཇུས་གལ་ཆེན་ཞིག་དང་། མི་འབོར་ལོ་ལོན་ཅན་དུ་འགྱུར་བར་ཁ་གཏད་གང་ལེགས་འཇལ་བ་དང་མི་འབོར་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་དངོས་ཡོད་ཀྱི་བླང་བྱ་ཞིག་ཡིན་ལ། འཇོན་མིར་ཁེ་ཕན་གང་ལེགས་སྤྲོད་པ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་རོགས་སྐྱོར་བྱེད་པའི་དངོས་ཡོད་ཀྱི་དགོས་མཁོ་ཞིག་ཡིན་པར་མ་ཟད། སྤྱི་ཚོགས་ཀྱི་འགན་སྲུང་མ་ལག་སྔར་ལས་འཐུས་ཚང་དུ་གཏོང་བ་དང་དམངས་འཚོར་སྔར་ལས་འགན་ལེན་དང་ཇེ་ལེགས་སུ་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཀྱང་ཡིན། ས་གནས་དང་སྡེ་ཁག་སོ་སོས་ཆབ་སྲིད་ཀྱི་གནས་བབ་མཐོ་རུ་བཏང་ནས། བསམ་བློ་དང་བྱ་སྤྱོད་གཉིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་སྟེང་གཅིག་གྱུར་ཡོང་བར་བྱེད་པ་དང་། བཅོས་བསྒྱུར་ལག་བསྟར་ལས་དོན་ཏན་ཏིག་ངང་ཡག་པོ་བསྒྲུབས་ནས་སྔོན་དཔག་གི་ཕན་འབྲས་ཐོན་རྒྱུར་འགན་ལེན་བྱ་དགོས་ཞེས་གསུངས།

ལིས་ཆང་གིས་མ་ལག་གི་བསམ་གཞིག་ལ་ཤུགས་སྣོན་པ་དང་བཅོས་བསྒྱུར་གྱི་གཙོ་གནད་ཁོང་དུ་ཆུད་པར་བྱེད་པ། བཅོས་བསྒྱུར་ལག་བསྟར་མ་བྱས་སྔོན་གྱི་ལས་ཀའི་གྲ་སྒྲིག་དང་ལག་བསྟར་བྱས་རྗེས་ཀྱི་སྲིད་ཇུས་ལག་བསྟར་ལ་སྤྱི་འདོམས་སྒོས་དམ་འཛིན་ཡག་པོ་བྱེད་པ། ལས་འཁྱུར་ངལ་གསོའི་ལོ་ཚོད་འགོར་འགྱངས་གཏོང་བ་དང་དེར་འགན་ལེན་བྱེད་པའི་ཐབས་ལམ་སྔར་ལས་འཐུས་ཚང་དུ་གཏོང་བ་བཅས་བྱས་ནས། གཙོ་གནད་ལས་འགན་བརྟན་ལ་གོ་རིམ་ལྡན་པའི་ངང་དོན་འཁྱོལ་ཐུབ་པར་སྐུལ་འདེད་གཏང་དགོས། “རང་མོས་དང་བབ་བསྟུན་རང་བཞིན”གྱི་རྩ་དོན་གཞིར་བཟུང་སྟེ་ལས་འཁྱུར་ངལ་གསོའི་སྲིད་ཇུས་ལག་བསྟར་ཡག་པོ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས། ལས་བཟོ་པའི་བསམ་འདུན་དངོས་མཚོན་ཐུབ་པར་འགན་ལེན་བྱ་དགོས། མ་ལག་ཆ་ཚང་བའི་སྲིད་ཇུས་དང་བྱེད་ཐབས་བཟོ་རྒྱུ་དང་དེ་སྔར་ལས་འཐུས་ཚང་དུ་གཏོང་རྒྱུར་དམ་འཛིན་བྱས་ཏེ། བཅོས་བསྒྱུར་གྱི་ཇུས་གཞི་དང་ཐད་ཀར་འབྲེལ་མཐུད་བྱ་དགོས་པའི་སྲིད་ཇུས་གང་མགྱོགས་ཀྱིས་འདོན་པ་དང་གང་མགྱོགས་ལག་བསྟར་བྱེད་པ། ཁྲིམས་ཀྱིས་གཏན་འཁེལ་བྱས་པའི་ལས་འཁྱུར་ངལ་གསོའི་ལོ་ཚོད་ལ་འགྱུར་ལྡོག་བྱུང་ཡོད་པའི་དབང་གིས། ལེགས་སྒྲིག་བྱ་དགོས་པའི་སྲིད་ཇུས་ལ་དཔྱད་འཇོག་གང་ལེགས་བྱས་རྗེས་མགྱོགས་མྱུར་ངང་བཟོས་ཏེ་ལག་བསྟར་བྱ་དགོས། སྲིད་ཇུས་ཀྱི་སྟེང་ནས་རྒྱབ་སྐྱོར་བྱེད་ཤུགས་དང་ལས་ཀ་བྱེད་ཤུགས་སྔར་ལས་ཆེ་རུ་བཏང་སྟེ། མང་ཚོགས་ཀྱི་དངོས་ཡོད་དོ་ཁུར་བྱེད་ཡུལ་ཐག་གཅོད་ནུས་ལྡན་བྱ་དགོས། ལས་ཞུགས་རྒྱ་སྐྱེད་གཏོང་རྒྱུ་དེ་བཅོས་སྒྱུར་ལ་སྐུལ་འདེད་གཏོང་བའི་འདེགས་སྐྱོར་གྱི་བྱེད་ཐབས་གལ་ཆེན་ཞིག་ཏུ་བརྩིས་ནས་དམ་འཛིན་བྱེད་རྒྱུ་དང་། སློབ་ཆེན་མཐར་ཕྱིན་སློབ་མ་སོགས་ཀྱི་ན་གཞོན་ལས་ཞུགས་སྲིད་ཇུས་དོན་འཁྱོལ་དང་འཐུས་ཚང་དུ་བཏང་ནས་ངལ་རྩོལ་པའི་ཁེ་དབང་ལ་འགན་ལེན་ཡག་པོ་བྱ་དགོས། རྒན་གསོའི་འགན་སྲུང་དང་ཞབས་འདེགས་ཞུ་ཤུགས་ཆེ་རུ་གཏོང་བ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་དང་ལས་འཁྱུར་ངལ་གསོ་མི་སྣའི་གཞི་རྩའི་རྒན་གསོའི་མ་དངུལ་ཇེ་མཐོར་གཏོང་བའི་སྲིད་ཇུས་དོན་འཁྱོལ་ཡག་པོ་བྱེད་པ། རྒྱལ་ཡོངས་ཀྱི་རྒན་གསོའི་འགན་བཅོལ་ལ་གཅིག་གྱུར་འཆར་འགོད་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱ་དགོས། ཐག་ཉེ་ས་དང་སྟབས་བདེ་བའི་བུ་བཅོལ་ཞབས་ཕྱི་སྔར་ལས་ཇེ་མང་དུ་བཏང་ནས། ཕྲུ་གུ་བཙའ་བ་དང་གསོ་སྐྱོང་གི་སློབ་གསོའི་ཁུར་པོ་ཇེ་ཡང་དུ་གཏང་དགོས་ཞེས་ནན་གྱིས་གསུངས།

ལིས་ཆང་གིས་ས་གནས་དང་སྡེ་ཁག་སོ་སོས་འགན་འཁྲི་འཁུར་སེམས་ཆེ་རུ་གཏོང་བ་དང་རྩ་འཛུགས་ཀྱི་མགོ་ཁྲིད་ལ་ཤུགས་སྣོན་པ། མཐུན་སྦྱོར་མཉམ་འགུལ་ལ་ཤུགས་སྣོན་པ་བཅས་བྱས་ཏེ། “ལས་དོན་གཅིག་ཕན་འབྲས་མཐོན་པོའི་སྒོ་ནས་བསྒྲུབ་རྒྱུའི”བླང་བྱ་གཞིར་བཟུང་སྟེ། སྒྲུབ་གཉེར་ཞབས་ཕྱི་ཁག་བདེ་བླག་ངང་སྦྲེལ་མཐུད་ཐུབ་པར་སྐུལ་འདེད་གཏོང་བ་དང་། བཅོས་བསྒྱུར་གྱི་ལས་འགན་ལ་དམ་འཛིན་ཡག་པོ་བྱས་ནས་བརྟན་པོའི་ངང་ལག་བསྟར་དང་དོན་ཐོག་ཏུ་འཁྱོལ་བར་འགན་ལེན་བྱ་དགོས་ཞེས་ནན་གྱིས་གསུངས།

མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་དང་། ཀྲུང་དབྱང་རྩ་འཛུགས་པུའུ། ཀྲུང་དབྱང་དྲིལ་སྒྲོག་པུའུ། ཀྲུང་དབྱང་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་། རྒྱལ་ཁབ་འཕྲོད་བསྟེན་དང་བདེ་ཐང་ཨུ་ཡོན་ལྷན་ཁང་བཅས་ཀྱི་འགན་འཁུར་བློ་མཐུན་དང་། པེ་ཅིང་གྲོང་ཁྱེར་དང་ཧྲའན་ཞི་ཞིང་ཆེན་སྲིད་གཞུང་གི་འགན་འཁུར་བློ་མཐུན་གཙོ་བོས་ཚོགས་ཐོག་ནས་གཏམ་བཤད།

རྩོམ་སྒྲིག་པ། མཁའ་འབུམ་རྒྱལ།