ཟླ9པའི་ཚེས3ཉིན། མཚོ་ཤར་གྲོང་ཁྱེར་ཧུའུ་ཀྲུའུ་རྫོང་སྤྱི་བདེ་ཅུའུ་ཏུང་ཧྲན་མངགས་གཏོང་ཁང་གིས་མངའ་ཁུལ་གྱི་སྡེ་བ་ག་གེ་མོར་ཆུ་རྒྱས་པའི་དུས་ཀྱི་ཉེན་ཁ་འགོག་ཆེད་ཁྱིམ་ཚང་རེ་རེར་གྲལ་བཤེར་བྱེད་སྐབས། སྡེ་བ་དེའི་ཝང་ཆེ་གེ་མོ་དང་ཡོན་ཆེ་གེ་མོ། མཱ་ཆེ་གེ་མོ་བཅས་ཀྱི་ལྡུམ་རའི་ནང་དུ་རྒྱ་མེན་མེ་ཏོག་ཉུང་ཙམ་འདེབས་འཛུགས་བྱས་ཡོད་ལ། ཝང་ཆེ་གེ་མོས་རྒྱ་མེན་མེ་ཏོག་རྐང5དང་ཡོན་ཆེ་གེ་མོས་རྒྱ་མེན་མེ་ཏོག་རྐང10དང་། མཱ་ཆེ་གེ་མོས་རྒྱ་མེན་མེ་ཏོག་རྐང4བཅས་འདེབས་འཛུགས་བྱས་ཡོད་པ་ཤེས་རྟོགས་བྱུང་། མི་དམངས་ཉེན་རྟོག་པས་ས་དེ་གར་རྩ་མེད་དུ་གཏང་དགོས་པའི་བཀའ་ཕབ་པར་མ་ཟད། ད་དུང་ཁྲིམས་ལྟར་ཝང་ཆེ་གེ་མོ་སོགས་མི3ལ་རྫོང་སྤྱི་བདེ་ཅུའུ་གྱོད་སྒྲུབ་ལྟེ་གནས་སུ་འདྲི་རྩད་དང་ལེན་བྱེད་པར་བོས།
ཁོ་ཚོས་བཤད་རྒྱུར། “མི་གཞན་གྱིས་བཤད་པ་ལྟར་ན་མེ་ཏོག་དེའི་ཟེའུ་འབྲུ་ཡིས་གློ་དང་ཕོ་བ་སོགས་ཀྱི་ནད་གཞི་སྨན་བཅོས་བྱེད་ཐུབ་ཅིང་། ཤ་བཙོས་ན་ཡང་ཧ་ཅང་ཞིམ་པོ་ཡིན་ཞེས་ཟེར་བས། ངས་མེ་ཏོག་དེ་བཏབ་ནས་ཤ་བཙོ་རྒྱུར་གྲ་སྒྲིག་བྱས་པ་ཡིན། ཁྱིམ་དུ་ཉུང་ཙམ་བཏབ་ནའང་ཁྲིམས་འགལ་གྱི་བྱ་སྤྱོད་ཡིན་པ་མ་ཤེས། ད་ནས་བཟུང་ངས་རང་ཉིད་ཀྱི་ནོར་འཁྲུལ་ངོས་འཛིན་བྱེད་ཐུབ་སོང་། ཕྱིས་སུ་བྱ་བ་དེའི་རིགས་གཏན་ནས་བྱེད་མི་སྲིད”ཅེས་བཤད། མི3གྱི་བཤད་ཚུལ་གཅིག་མཚུངས་ཡིན་ལ་རང་གི་ནོར་འཁྲུལ་གྱི་བསམ་ཚུལ་ཡོ་བསྲང་བྱས་པར་མ་ཟད། མི་དམངས་ཉེན་རྟོག་པས་མི3པོར་དུག་རྫས་མེ་ཏོག་གི་འབྲེལ་ཡོད་ཤེས་བྱ་དང་རྒྱ་མེན་སོགས་འདེབས་འཛུགས་ཀྱི་གནོད་འཚེ་རང་བཞིན་གསལ་བཤད་བྱས།
མིག་སྔར། ཝང་ཆེ་གེ་མོ་སོགས་ཁྲིམས་འགལ་བྱ་སྤྱོད་སྤེལ་མཁན3ལ་ཧུའུ་ཀྲུའུ་རྫོང་སྤྱི་བདེ་ཅུའུ་ཡིས་ཁྲིམས་ལྟར་སྲིད་འཛིན་ཆད་གཅོད་བྱས།