ཟླ9པའི་ཚེས1ཉིན། དཔའ་ལུང་རྫོང་ཀ་མདོ་འགོག་ཁུལ་ཆེན་མོའི་སྡོད་ཁུལ་ཉེན་རྟོག་རུ་ཁག་གི་ཉེན་རྟོག་པས། མང་ཚོགས་ཤིག་གིས་བོར་བརླག་བྱུང་བའི་གསེར་གྱི་རྒྱན་ཆ་དུས་ཐོག་ཏུ་འཚོལ་རོགས་བྱས་ནས་རྙེད་ཅིང་། དོ་བདག་པ་དང་མངའ་ཁུལ་མང་ཚོགས་ཀྱིས་བསྟོད་པའི་མཐེ་བོང་བསྒྲེངས་ནས་བཀའ་དྲིན་ཡང་ཡང་ཞུས།
བློ་མཐུན་ཉེན་རྟོག་པ་ལགས། ངའི་གསེར་གྱི་རྒྱན་ཆ་བོར་བརླག་བྱུང་སོང་། ངས་ཁྱིམ་དུ་ཇི་ལྟར་བཙལ་ཡང་རྙེད་མ་སོང་། ཕལ་ཆེར་ཉིན་གཉིས་སྔོན་ལ་ང་རང་རླངས་འཁོར་དུ་བསྡད་ནས་ཕྱིར་ཁྱིམ་དུ་ལོག་སྐབས། རླངས་འཁོར་ནང་དུ་བོར་བརླག་བྱུང་སོང་བ་འདྲ། ཁྱོད་ཚོས་ང་ལ་འཚོལ་རོགས་བྱས་ན་ཆོག་གམ།
ཟླ8པའི་ཚེས31ཉིན། དཔའ་ལུང་རྫོང་སྤྱི་བདེ་ཅུའུ་ཀ་མདོ་འགོག་ཁུལ་ཆེན་མོར་མངའ་ཁུལ་གྱི་མང་ཚོགས་མཱ་ཆེ་གེ་མོས་གྱོད་སྙན་སེང་ཞུས་ནས་དེ་ལྟར་བཤད།མ་གཞི་དོན་དག་ནི་འདི་ལྟ་སྟེ། ཟླ8པའི་ཚེས24ཉིན་གྱི་ཕྱི་དྲོར། མཱ་ཆེ་གེ་མོ་ཟི་ལིང་གྲོང་ཁྱེར་ནས་རླངས་འཁོར་དུ་བསྡད་དེ་དཔའ་ལུང་རྫོང་ཀ་མདོ་གྲོང་རྡལ་དུ་ཡོང་བ་ཡིན་ཞིང་། རླངས་འཁོར་ལས་མར་བབས་ཏེ་ཁ་ལོ་བར་སྒོར་མོ་སྟེར་སྐབས་མཉམ་འཇོག་མ་བྱས་པར་རང་ཉིད་ཀྱི་རྒྱན་ཆའི་སྒམ་ཆུང་དེ་རླངས་འཁོར་དུ་ལུས། སྒམ་ཆུང་དེའི་ནང་དུ་གསེར་གྱི་ལག་དཀྲིས3དང་གསེར་གྱི་རྣ་ལུང2བཅས་ཡོད་ལ། མོ་རང་ཁྱིམ་དུ་ལོག་སྟེ་ཉིན་འགའ་འགོར་ནས་རྒྱན་ཆ་དེ་བཀོལ་བསམ་དུས། ད་གཟོད་རྒྱན་ཆ་དག་མཐོང་རྒྱུ་མེད་པ་ཤེས་རྟོགས་བྱུང་།
གྱོད་དོན་སྙན་སེང་འབྱོར་རྗེས། ཉེན་རྟོག་པ་རྩ་འཛུགས་བྱས་ནས་འགུལ་སྐྱོད་བྱས་ཏེ། མཱ་ཆེ་གེ་མོས་ཞིབ་བརྗོད་བྱས་པ་གཞིར་བཟུང་ནས་ཟི་ལིང་ཉེན་རྟོག་ཕྱོགས་ལ་ཁུངས་སྣེ་འདོན་སྤྲོད་བྱས་པ་དང་། ཉེན་རྟོག་པས་མགྱོགས་མྱུར་ངང་དོགས་གཞི་ཡོད་པའི་རླངས་འཁོར་གྱི་ཨང་གྲངས་གཏན་འཁེལ་བྱས་ནས་རླངས་འཁོར་དེའི་བདག་པོ་དང་འབྲེལ་བ་བྱས། ཉེན་རྟོག་པས་དོན་དག་བྱུང་བའི་བརྒྱུད་རིམ་རླངས་འཁོར་གྱི་བདག་པོར་བཤད་རྗེས། རླངས་འཁོར་བདག་པོས་ཧུར་ཐག་གིས་ཞིབ་བཤེར་བྱ་བར་གཞོགས་འདེགས་བྱས་ནས་རླངས་འཁོར་ནང་ཞིབ་ཕྲའི་ངང་འཚོལ་བཤེར་ཡང་ཡང་བྱས་མཐར། རླངས་འཁོར་ཁ་ལོ་བའི་འདུག་སྟེགས་འོག་ནས་རྒྱན་ཆའི་སྒམ་དེ་རྙེད་བྱུང་། གལ་སྲིད་ཁྱོད་ཚོའི་རོགས་སྐྱོར་མ་བྱས་ཚེ། ངས་ངོ་མ་ཅི་ཞིག་བྱེད་དགོས་པའང་ཤེས་རྒྱུ་མ་རེད། ཁྱོད་ཚོའི་ལྷག་བསམ་ཟོལ་མེད་ཀྱིས་རོགས་རམ་བྱས་པར་ཐུགས་རྗེ་ཆེ་ཞུ། ཞེས་མཱ་ཆེ་གེ་མོས་ཉེན་རྟོག་དང་རླངས་འཁོར་ཁ་ལོ་བར་སེམས་སྟེང་ནས་བཀའ་དྲིན་ཡང་ཡང་ཞུས།
ཉེན་རྟོག་པའི་གསལ་འདེབས།རྒྱ་ཆེའི་མང་ཚོགས་རྣམས་སྤྱི་སྤྱོད་རླངས་འཁོར་དུ་འདུག་སྐབས་ངེས་པར་དུ་མི་སྒེར་གྱི་རྒྱུ་དངོས་ལ་ངེས་པར་དུ་དོ་དམ་ཡག་པོ་བྱས་ནས་གནས་ཚུལ་འདི་འདྲ་མི་བྱུང་བར་སྔོན་འགོག་བྱེད་དགོས་ལ། དེ་དང་མཉམ་དུ་མི་དམངས་མང་ཚོགས་ཀྱིས་མི་གཞན་ལ་རོགས་རམ་བྱ་དགོས་ཚེ་གཞན་ཕན་གྱི་ཕྱག་ཟུང་རྒྱང་དུ་བསྲིངས་ན་ད་གཟོད་སྤྱི་ཚོགས་འདི་ཆ་མཐུན་དང་དྲོལ་ཁོལ་འཁྱིལ་ངེས་ཡིན།