《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བདེ་སྲུང་དོ་དམ་གྱི་ཆད་པ་གཅོད་ཕྱོགས་སྐོར་གྱི་བཅའ་ཁྲིམས》ཀྱི་དོན་ཚན32པའི་གཏན་འཁེལ་ལྟར་ན། མེ་མདའ་དང་རྫས་མདེལ་ཡང་ན་མདའ་གཞུ། གློ་གྲི་སོགས་རྒྱལ་ཁབ་ཀྱིས་བཀག་སྡོམ་གཏན་འཁེལ་བྱས་ཡོད་པའི་ཅ་ལག་ཁྲིམས་འགལ་གྱིས་འཁྱེར་བའི་རིགས་ལ། ཉིན5མན་གྱི་བཀག་ཉར་དང་སྒོར500མན་གྱི་ཆད་པ་གཅད་རྒྱུ་དང་། ཉེས་ཚབས་ཆུང་བའི་རིགས་ལ་ཐ་ཚིག་སྒྲོག་རྒྱུའམ་ཡང་ན་སྒོར200མན་གྱི་ཆད་པ་གཅད་རྒྱུ། མེ་མདའ་དང་རྫས་མདེལ་ཡང་ན་མདའ་གཞུ། གློ་གྲི་སོགས་རྒྱལ་ཁབ་ཀྱིས་བཀག་སྡོམ་གཏན་འཁེལ་བྱས་ཡོད་པའི་ཅ་ལག་ཁྲིམས་འགལ་གྱིས་འཁྱེར་ནས་སྤྱི་པའི་འདུ་རའམ་ཡང་ན་སྤྱི་སྤྱོད་འགྲིམ་འགྲུལ་ཡོ་བྱད་ནང་འཛུལ་བའི་རིགས་ལ་ཉིན5ཡན་ནས་ཉིན10མན་གྱི་བཀག་ཉར་དང་སྒོར500མན་གྱི་ཆད་པའང་གཅད་རྒྱུ་ཞེས་བཀོད་ཡོད།
《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་ཁྲིམས》ཀྱི་དོན་ཚན125པའི་གཏན་འཁེལ་ལྟར་ན། 【ཁྲིམས་འགལ་གྱིས་མེ་མདའ་དང་རྫས་མདེལ། འབར་རྫས་བཅས་བཟོ་བ་དང་ཉོ་འཚོང་། དབོར་འདྲེན། སྦྲག་ཐོག་སྐུར་བ། ཉར་ཚགས་བཅས་བྱས་པའི་བྱས་ཉེས】ཁྲིམས་འགལ་གྱིས་མེ་མདའ་དང་རྫས་མདེལ། འབར་རྫས་བཅས་བཟོ་བ་དང་ཉོ་འཚོང་། དབོར་འདྲེན། སྦྲག་ཐོག་སྐུར་བ། ཉར་ཚགས་བཅས་བྱས་པའི་རིགས་ལ་དུས་བཀག་བཙོན་འཇུག་ལོ3ཡན་ནས་ལོ10མན་བར་གྱི་ཉེས་ཆད་གཅད་རྒྱུ་དང་། ཉེས་ཚབས་ཆེ་བའི་རིགས་ལ་དུས་བཀག་བཙོན་འཇུག་ལོ10ཡན་དང་ཚེ་བཙོན་ནམ་སྲོག་ཁྲིམས་གཅད་རྒྱུ། ཡང་དོན་ཚན128པའི་ནང་གཏན་འཁེལ་ལྟར་ན།【ཁྲིམས་འགལ་གྱིས་མེ་མདའ་དང་རྫས་མདེལ་བདག་བཟུང་དང་སྒེར་ཉར་བྱས་པའི་བྱས་ཉེས】མེ་མདའ་དོ་དམ་བྱེད་ཕྱོགས་སྐོར་གྱི་གཏན་འཁེལ་དང་འགལ་ནས་མེ་མདའ་དང་རྫས་མདེལ་ཁྲིམས་འགལ་གྱིས་བདག་བཟུང་དང་སྒེར་ཉར་བྱེད་མཁན་ལ་དུས་བཀག་བཙོན་འཇུག་ལོ3མན་ནམ་བཙན་ཉར་ལས་སྐུལ་ལམ་རྩིས་སྤྲོད་དོ་དམ་གྱི་ཉེས་ཆད་གཅད་རྒྱུ་དང་། ཉེས་ཚབས་ཆེ་བའི་རིགས་ལ་དུས་བཀག་བཙོན་འཇུག་ལོ3ཡན་ནས་ལོ7མན་བར་གྱི་ཉེས་ཆད་གཅད་རྒྱུ་ཞེས་བཀོད་ཡོད་ལ། ཡང་དོན་ཚན130པའི་ནང་གཏན་འཁེལ་ལྟར་ན། 【ཁྲིམས་འགལ་གྱིས་མེ་མདའ་དང་རྫས་མདེལ། བཀག་སྡོམ་བྱེད་པའི་གྲི་ཆས། ཉེན་ཆེའི་དངོས་རྫས་འཁྱེར་བ་དང་སྤྱི་པའི་བདེ་འཇགས་ལ་གནོད་པའི་ནག་ཉེས】ཁྲིམས་འགལ་གྱིས་མེ་མདའ་དང་རྫས་མདེལ། བཀག་སྡོམ་བྱེད་པའི་གྲི་ཆས་སམ་འབར་གས་རང་བཞིན་དང་འབར་སླའི་རང་བཞིན། འཕྲོ་བའི་རང་བཞིན། དུག་སྐྱོན་རང་བཞིན། རུལ་བསླད་རང་བཞིན་བཅས་ལྡན་པའི་དངོས་རྫས་སྤྱི་པའི་འདུ་རའམ་སྤྱི་པའི་འགྲིམ་འགྲུལ་ཡོ་བྱད་ནང་ཁྱེར་ནས་སྤྱི་པའི་བདེ་འཇགས་ལ་ཉེན་ཁ་བཟོས་ཏེ་ནག་ཉེས་ཚབས་ཆེ་བའི་རིགས་ལ་དུས་བཀག་བཙོན་འཇུག་ལོ3མན་ནམ་བཙན་ཉར་ལས་སྐུལ་ལམ་རྩིས་སྤྲོད་དོ་དམ་གྱི་ཉེས་ཆད་གཅད་རྒྱུ་ཞེས་བཀོད་ཡོད།