(མཚོ་ལྷོ) སྨྱུག་ཞེན།
སད་དང་སེར་བས་མ་བཅོམ་རྡུལ་དང་རླུང་གིས་མ་སྤུར། །
བལྟས་བལྟས་མིག་ལ་མཛེས་པ་སྤྲིན་དཀར་འོག་གི་རྩྭ་ཐང་། །
ཟམ་ཟིམ་ཆར་བ་ཤག་ཤག་ལྷང་ལྷིང་ཆུ་མོ་ཤུར་ཤུར། །
དཀར་དཀར་མེ་ཏོག་མཛེས་མཛེས་སྤྲིན་དཀར་འོག་གི་རྩྭ་ཐང་། །
དབྱངས་ལྡན་གཡུ་ཡི་སྦྲང་ཆུང་ལྡེམ་མྱུར་གཤོག་རླབས་སྐྱོད་བཞིན། །
བརྩེ་སེམས་དབྱངས་ཀྱི་མགྲིན་གླུ་རྩྭ་ཐང་འདི་རུ་བསྒྲགས་ཡོད། །
མེ་ཏོག་འདབ་མ་ཤིག་ཤིག་ཕྱེ་ལེབ་གཤོག་ཟུང་ལྷབ་ལྷུབ། །
གཡུ་སྦྲང་དབྱངས་སྙན་ལྷང་ལྷིང་རྩྭ་ཐང་འདི་ཡི་རྒྱན་ཡིན། །
གཡང་གི་ལུག་ཁྱུ་དཀར་ནག་བདེ་མོ་སྤང་ལ་འདེད་དུས། །
མཁའ་ཡི་སྐར་མའི་ཚོམས་ཆེན་ཐང་ལ་རྒྱུ་བ་འདྲ་བྱུང་། །
བྱང་ལམ་གོམ་གྱིས་འཇལ་བའི་ཅང་ཤེས་རྟ་མཆོག་རྒོད་པོའི། །
འཚེར་སྐད་དབྱངས་ལ་འདྲེས་པ་ཐང་ཆེན་ལེབ་མོའི་རྒྱན་ཡིན། །
དབྱར་གསུམ་དུས་ཀྱིས་ཟིན་པས་རི་ལུང་ས་བཅུད་དྲོས་བྱུང་། །
འབྲུག་ཆུང་ལྷང་ལྷིང་གྲགས་པས་ཆུ་འཛིན་ལང་ལོང་གཡོས་བྱུང་། །
སྦྲང་ཆར་ཤག་ཤག་འཇོ་བས་རྩྭ་ཐང་མེ་ཏོག་བཞད་བྱུང་། །
སྙིང་སྡུག་རྐང་དྲུག་གཞོན་ནུ་དགའ་བའི་དཔལ་ལ་རོལ་བྱུང་། །
མཚན་གསུམ་མུན་པས་མ་ཟིན་ཟླ་འོད་རབ་ཏུ་འཁྱུད་པས། །
སྤྲིན་དཀར་འོག་གི་རྩྭ་ཐང་འོད་ཀྱི་ཟིལ་བ་ཁྲོམ་ཁྲོམ། །
དཔྱིད་གསུམ་དུས་ཀྱིས་མ་གཡེལ་སྣ་བརྒྱའི་རྩི་ཤིང་འཛོམས་ས། །
སྤྲིན་དཀར་འོག་གི་རྩྭ་ཐང་དཀར་དམར་མེ་ཏོག་ཤིག་ཤིག །
རི་བོ་མཐོན་པོའི་རྩེ་ནས་དམར་སེར་ཉི་གཞོན་ཚེས་དུས། །
ནོར་གནག་ངུར་སྒྲ་དར་དིར་འབྲོག་མོའི་བཞོ་དབྱངས་སྙན་སྙན། །
སྦྲ་ཆུང་དུ་སྨུག་ལང་ལོང་སྤྲིན་དཀར་འོག་གི་རྩྭ་ཐང་། །
མཐོང་ཚེ་ཡིད་སྨོན་འཆོར་བས་ནམ་ཡང་ཡིད་ལ་འཐད་དོ། །