མདུན་ངོས། བློ་སྟོན་ཁྲིམས་ཁང་། བཅའ་ཁྲིམས་རྒྱུན་ཤེས། གངས་ལྗོངས་ཁྲིམས་ར། དཔེ་མཚོན་གྱོད་དཔེ། རྩོམ་རིག བརྙན་ཟློས།

ཞུ་གཏུག་སྔོན་གྱི་བར་འདུམ་བྱ་བའི་ཆེད་དོན་སྐུལ་སྤེལ་གྲོས་ཚོགས་བསྡུས་པ།

  2024-06-26 15:29:53 

མཚོ་སྔོན་ཞིང་ཆེན་གྱི་ཞུ་གཏུག་སྔོན་གྱི་བར་འདུམ་བྱ་བའི་ཆེད་དོན་སྐུལ་སྤེལ་གྲོས་ཚོགས་ཟི་ལིང་དུ་བསྡུས་པ།

མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ཞུ་གཏུག་སྔོན་གྱི་བར་འདུམ་བྱ་བའི་ཆེད་དོན་སྐུལ་སྤེལ་གྲོས་ཚོགས་ཉེ་ལམ་ཟི་ལིང་དུ་བསྡུས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་དབྱང་ཧྥ་སིན་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད། ཞིང་ཆེན་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་ཀྲང་ཙིའུ་ཅུན་གྱིས་གྲོས་ཚོགས་ལ་མགོ་འཛིན་བྱས།

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཞུ་གཏུག་སྔོན་གྱི་བར་འདུམ་སྐོར་གྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ཟབ་མོ་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། དུས་རབས་གསར་བའི་ཧྥིན་ཆའོ་ཉམས་མྱོང་རྒྱུན་འཁྱོངས་དང་འཕེལ་རྒྱས་སུ་གཏོང་བ། ཞུ་གཏུག་བྱེད་མི་དགོས་པའི་གྱོད་གཞི་ཐག་གཅོད་རྐྱེན་སྲོལ་སྔོན་དུ་འཇོག་པ། ཞུ་གཏུག་བར་འདུམ་སྦྲེལ་མཐུད་བྱ་བའི་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ། བར་འདུམ་ཆེན་པོའི་བྱ་བའི་མ་ལག་མྱུར་དུ་འཛུགས་སྐྲུན་བྱེད་པ། ཞུ་གཏུག་སྔོན་གྱི་བར་འདུམ་དེ་གཞི་རིམ་དང་སྤྱི་ཚོགས། ལས་རིགས་བཅས་ཀྱི་ཐད་རྒྱུན་བསྲིང་བར་སྐུལ་འདེད་གཏོང་བ། འགོ་ཁུངས་ནས་ཞུ་གཏུག་གི་གྲངས་ཀ་ཇེ་ཉུང་དུ་བཏང་སྟེ། ཆུ་ཚད་སྔར་ལས་མཐོ་བའི་བདེ་འཇགས་མཚོ་སྔོན་དང་ཁྲིམས་སྐྱོང་མཚོ་སྔོན་འཛུགས་སྐྲུན་བྱེད་ཆེད་ཤུགས་འདོན་དགོས།

ཚོགས་ཐོག་ནས། ཞུ་གཏུག་སྔོན་གྱི་བར་འདུན་བྱ་བའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱེད་པ་དང་། མདུན་སྣེ་དམ་འཛིན་དང་མི་མངོན་པའི་སྐྱོན་ཆར་བཅོས་སྐྱོང་བྱེད་པ། འགལ་རྩོད་རང་འགུལ་གྱིས་གྲལ་བཤེར་དང་ཐག་གཅོད་བྱེད་པ། མི་དམངས་བར་འདུམ་གྱི་རྩ་འཛུགས་ནུས་པ་འདོན་སྤེལ་བྱས་ནས། ཞུ་གཏུག་སྔོན་གྱི་བར་འདུམ་འགོ་ཁུངས་ཀྱི་རྨང་གཞི་རྒྱུན་མ་ཆད་པར་ཇེ་བརྟན་དུ་གཏོང་དགོས། ཞུ་གཏུག་སྔོན་གྱི་བར་འདུམ་བྱ་བ་ལེགས་བཅོས་དང་ལེགས་སྒྱུར་བྱེད་པ་དང་། ཁྲིམས་ཁང་ལས་ཁུངས་ཀྱི་བར་འདུམ་ཁྲོད་ཀྱི་ཆེད་ལས་ཅན་དང་དབང་ཟིལ་རང་བཞིན། མཛུབ་སྟོན་རང་བཞིན་གྱི་དགེ་མཚན་འདོན་སྤེལ་བྱེད་པ། འགལ་རྩོད་དངོས་གནས་ཐག་གཅོད་པར་སྐུལ་འདེད་གཏོང་བ། མི་དམངས་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོབ་བྱས་ནས། ཞིང་ཆེན་ཡོངས་ཀྱི་ཞུ་གཏུག་སྔོན་གྱི་བར་འདུམ་བྱ་བའི་རྣམ་པ་གསར་བ་ཧུར་ཐག་གིས་བསྐྲུན་དགོས།

གྲོས་ཚོགས་བརྙན་རིས་ཀྱི་རྣམ་པ་བརྒྱུད་དེ་གྲོང་དང་ཁུལ་རིམ་པ་རུ་བསྡུས་པ་དང་། ཞིང་ཆེན་དང་གྲོང་ཁྱེར་རིམ་པ་གཉིས་ཀྱི་ཏང་ཨུའི་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་དང་ཁྲིམས་ཁང་། ཁྲིམས་འཛིན་ཅུའུ་ཡི་འགན་ཁུར་བློ་མཐུན། འབྲེལ་ཡོད་ལས་སྒོ་སྡེ་ཁག་གི་འགན་ཁུར་བློ་མཐུན་བཅས་སོ་སོར་ཚོགས་ར་གཙོ་བོ་དང་ཡན་ལག་ཚོགས་ར་ནས་གྲོས་ཚོགས་ལ་ཞུགས།

རྩོམ་སྒྲིག་པ། ནམ་མཁའ་ཚེ་རིང་།