ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཟི་ལིང་གྲོང་ཁྱེར་གྱི་ཡུལ་སྐོར་ཁྲོམ་རའི་དོ་དམ་སྲོལ་ཡིག་གི་ཁྲིམས་འཛུགས་རྟོག་ཞིབ་སྤེལ།
ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི2024ལོའི་ཁྲིམས་འཛུགས་འཆར་གཞི་ལྟར། ཟླ6པའི་ཚེས11ཉིན་ཚེས13ཉིན་བར། ཞིང་ཆེན་དམངས་ཆེན་སློབ་གསོ་ཚན་རིག་རིག་གཞུང་འཕྲོད་བསྟེན་ཨུ་ཡོན་ལྷན་ཁང་གིས་རྟོག་ཞིབ་ཚན་ཆུང་བཙུགས་ནས། ཟི་ལིང་གྲོང་ཁྱེར་གྱི་ཡུལ་སྐོར་ཁྲོམ་རའི་དོ་དམ་སྲོལ་ཡིག་གི་ཁྲིམས་འཛུགས་རྟོག་ཞིབ་གཏིང་ཟབ་སྒོས་སྤེལ།
རྟོག་ཞིབ་ཚན་ཆུང་ཧོང་ཡོན་རྫོང་ཉི་ཟླ་རི་བོ་དང་། མཁར་བྱང་ཆུའུ་ཡི་སྲང་ལམ་དང་ཁྲོམ་ར། མཁར་ཤར་ཆུའུ་ཡི་ཁྲོམ་ར་དང་། རྟ་ཐང་ཧོས་རིགས་ཧོར་རིགས་རང་སྐྱོང་རྫོང་གི་གྲོང་གསེབ་ཡུལ་སྐོར་ལྗོངས་ཁུལ་དང་། དེ་མིན་ཡུལ་སྐོར་མགྲོན་ཁང་དང་ཡུལ་སྐོར་ལས་དོན་ཁང་ཁ་ཤས་སོགས་ལ་སོང་སྟེ། ཡུལ་སྐོར་ཁྲོམ་རའི་ཕྱོགས་སོ་སོའི་འབྲེལ་ཡོད་གནས་ཚུལ་ལ་རྒྱུས་ལོན་ཟབ་མོ་བྱས། འབྲེལ་ཡོད་ལས་རིགས་སྡེ་ཁག་དང་། ཡུལ་སྐོར་ལས་དོན་ཁང་། ལྗོངས་ཁུལ། ཡུལ་སྐོར་སྣེ་སྟོན་པའི་འཐུས་ཚབ་པ་སོགས་ཀྱི་སྲོལ་ཡིག་ཐད་ཀྱི་བསམ་འཆར་དང་གྲོས་གཞི་སྡུད་ལེན་བྱས་ནས། གོམ་སྟབས་རྗེས་མའི་བྱ་བར་ཞིབ་བཤེར་བྱེད་པར་རྨང་གཞི་ལེགས་པོ་བཏིངས་།
རྟོག་ཞིབ་ཚན་ཆུང་གིས་བསྟན་དོན། ཡུལ་སྐོར་ཁྲོམ་རའི་སྒྲིག་སྲོལ་ལེགས་ཤོས་ནི་ཡུལ་སྐོར་ལས་རིགས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་བའི་རྨང་གཞི་ཡིན་ཏེ། ཟི་ལིང་གྲོང་ཁྱེར་གྱི་ཡུལ་སྐོར་ཁྲོམ་རའི་དོ་དམ་སྲོལ་ཡིག་བཏོན་པར་དོན་སྙིང་གལ་ཆེན་ལྡན། ཡུལ་སྐོར་བའི་ཉམས་ལེན་དང་དགོས་མཁོ་གཙོ་བོར་འཛིན་པ་དང་། ཡུལ་སྐོར་བར་ཞབས་འདེགས་ཞུ་བའི་ཆུ་ཚད་ཇེ་མཐོར་གཏོང་རྒྱུ་དེ་ཤུགས་འདོན་ས་བྱེད་ཅིང་། ཡུལ་སྐོར་ཐོན་རྫས་ལེགས་སྒྱུར་བྱེད་པ་དང་ཡུལ་སྐོར་ཞབས་ཞུའི་ཆུ་ཚད་མཐོར་འདེགས་གཏོང་བའི་ཐད་ལ་ནུས་ཤུགས་ཡོད་རྒུ་འདོན་པ་དང་། ཡུལ་སྐོར་ལས་རིགས་དེ་མི་དམངས་ཀྱི་འཚོ་བའི་ཆུ་ཚད་ཇེ་མཐོར་གཏོང་བའི་སྲོག་ཤིང་རང་བཞིན་གྱི་ཐོན་ལས་སུ་བསྒྱུར་ཏེ། ཟི་ལིང་གྲོང་ཁྱེར་གྱི་ཡུལ་སྐོར་ལས་རིགས་ཀྱི་སྒྲིག་སྲོལ་འཕེལ་རྒྱས་འགྲོ་བ་དང་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་གྱི་ལྟེ་བའི་གྲོང་ཁྱེར་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་དགོས། གནད་དོན་གྱི་ཁྲིད་ཕྱོགས་དང་། ལག་ལེན་གྱི་ཁྲིད་ཕྱོགས། དམིགས་འབེན་གྱི་ཁྲིད་ཕྱོགས་བཅས་རྒྱུན་འཁྱོངས་བྱེད་པ་དང་། གནད་དོན་ལ་གཞིགས་ནས་ཁྲིམས་འཛུགས་བྱེད་ཅིང་། ཁྲིམས་འཛུགས་ཀྱིས་གནད་དོན་ཐག་གཅོད་བྱེད་པ། ཁྲིམས་སྲོལ་འཛུགས་ཐུབ་ལ་ལག་བསྟར་བྱེད་ཐུབ་པ་དང་། བེད་སྤྱོད་བྱེད་ཐུབ་པ་བཅས་ལ་ཁག་ཐེག་བྱས་ཏེ། སྤུས་ཚད་མཐོ་བའི་ཁྲིམས་འཛུགས་ཀྱིས་ཟི་ལིང་གྲོང་ཁྱེར་གྱི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་འགྲོ་བར་སྣེ་ཁྲིད་བྱེད་པ་དང་སྐུལ་འདེད་གཏོང་དགོས། དངོས་ཡོད་དང་ཟུང་འབྲེལ་དམ་ཟབ་བྱེད་ཅིང་། སྡེ་ཁག་སོ་སོ་དང་ཁྱབ་ཁོངས་སོ་སོའི་ལས་བྱེད་མི་སྣའི་བསམ་འཆར་དང་གྲོས་གཞི་རྒྱ་ཆེར་སྡུད་ལེན་བྱས་ནས། ཁྲིམས་འཛུགས་བརྒྱུད་རིམ་དེ་མི་དམངས་ཀྱི་འདོད་བློ་སྐོང་བ་དང་། མི་དམངས་ཟབ་ཞུགས་བྱེད་ཚད་ཇེ་མང་དུ་གཏོང་བ། མི་དམངས་ཀྱི་ལྟ་སྐུལ་དང་ལེན་བྱེད་པ་བཅས་ཀྱི་ལག་ལེན་དངོས་སུ་བསྒྱུར་སྟེ། སྲོལ་ཡིག་གི་ལག་བསྟར་བྱེད་ཤུགས་དང་དངོས་ཕན་རང་བཞིན་ལ་ཤུགས་སྣོན་བྱེད་དགོས་པ་ནན་གྱིས་བསྟན།