རྒྱལ་ཁབ་མེ་གསོད་མྱུར་སྐྱོབ་ཅུའུ་མཚོ་སྔོན་འཕྲུལ་སྒུལ་རུ་ཁག་གིས་གཡུལ་སའི་རྩད་ཞིབ་དང་གནོད་འགོག་ཤེས་བྱ་སྒོ་ཁར་སྐྱེལ་བའི་བྱ་འགུལ་སྤེལ་བ།
མཚོ་སྔོན་ཞིང་ཆེན་གྱི་ནགས་ཚལ་དང་རྩྭ་སའི་མེ་སྐྱོན་དང་ས་ཡོམ་ས་གཤིས་གནོད་འཚེ། ཞོད་འགོག་ཉེན་སྐྱོབ་ཉེན་ཁའི་མཐའ་གྲངས་དང་བྱ་བའི་གནས་བབ་ལ་རྒྱུས་ལོན་གསལ་བོ་བྱེད་ཆེད། ཟླ5ཚེས29ཉིན་ནས་ཟླ6ཚེས12ཉིན་བར། རྒྱལ་ཁབ་མེ་གསོད་མྱུར་སྐྱོབ་ཅུའུ་མཚོ་སྔོན་འཕྲུལ་སྒུལ་རུ་ཁག་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་དང་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་བཅས་ཀྱི་རྒྱལ་ཁབ་ནགས་ར་རུ་སོང་ནས། གཡུལ་ས་རྩད་ཞིབ་དང་གནོད་འགོག་ཤེས་བྱ་སྒོ་ཁར་སྐྱེལ་བའི་བྱ་འགུལ་སྤེལ་ནས། ནགས་ཚལ་དང་རྩྭ་སའི་མེ་སྐྱོན་དང་རང་བྱུང་གནོད་འཚེ་ལ་ཁ་གཏད་འཇལ་བའི་ནུས་པ་ཧུར་ཐག་གིས་མཐོར་འདེགས་བཏང་།
ཐེངས་འདིའི་གཡུལ་ས་རྩད་ཞིབ་ཀྱིས་ཕྱོགས་ཡོངས་སུ་ཁེབས་པར་བྱེད་པ་དང་ཟིན་ཐོ་ནན་མོ་བཀོད་པའི་བྱ་བའི་རྩ་དོན་གཞིར་བཟུང་ནས། གཙོ་གནད་ཁུལ་ཁོངས་དང་ཁུལ་ཁོངས་དཀྱུས་མ་ཟུང་འབྲེལ་བྱེད་པ་དང་། ཡུལ་གནས་རྩད་ཞིབ་དང་བར་སྣང་མྱུལ་ཞིབ་ཟུང་འབྲེལ་བྱེད་པ། གཞི་གྲངས་དངོས་དང་ཡིག་ཆ་གཞི་གྲངས་ཞིབ་སྡུར་བྱེད་པ་སོགས་ཀྱི་བྱེད་ཐབས་སྤྱད་དེ། ནགས་ཁུལ་ཀྱི་ས་བབ་ཆགས་ཚུལ་དང་བགྲོད་ལམ་ཟམ་པ། ཆུ་བོའི་འགོ་ཁུངས་ཁྱབ་ཚུལ། འབར་ཆོག་དངོས་པོའི་ཐེག་ཚད། ནགས་སའི་བཅུད་ལྡན་རིམ་ངོས། གཙོ་གནད་ནགས་ཁུལ་དོ་སྲུང་ས་ཚིགས་སོགས་ཀྱི་ཕྱོགས་བསྡུས་ཆ་འཕྲིན་ལ་རྩད་ཞིབ་བྱས། རྩད་ཞིབ་གནས་ཚུལ་ལ་ཟུང་འབྲེལ་བྱས་ནས། བཀོད་འཐབ་པས་ས་ཁྲའི་སྟེང་བཀོད་པའི་ནགས་ཚལ་གྱི་མེ་འགོག་གཙོ་གནད་ས་ཁུལ་དང་ས་གཤིས་གནོད་འཚེ་འབྱུང་སླ་བའི་ས་ཁུལ་ལ་ཤན་སྦྱར་བ་མ་ཟད། ནགས་ཁུལ་རེ་རེའི་ཆུ་དཔྱད་བགྲོད་ལམ་དང་མེ་འགོག་སྒྲིག་ཆས། མི་སྣའི་འདུག་སྡོད། མཐའ་འཁོར་གྱི་སྒྲིག་ཆས་སོགས་ཀྱི་གནས་ཚུལ་ཟིན་ཐོ་གསལ་བོར་བཀོད་དེ། རྩད་ཞིབ་བྱ་བ་ཞིབ་ལེགས་སྒོས་སྤེལ་ནས། གོ་རིམ་རྗེས་མར་མྱུར་སྐྱོབ་ལས་འགན་ཡོངས་འགྲུབ་བྱེད་ཆེད་བྱ་བ་སྔོན་དུ་བསྒྲུབས་པ་དང་བཟང་བོར་བསྒྲུབས།
གཡུལ་སར་རྩད་ཞིབ་བྱེད་པའི་བརྒྱུད་རིམ་ཁྲོད། འཐབ་བཀོད་པས་ནགས་ཚལ་གྱི་མེ་འགོག་རྒྱུན་ཤེས་དང་ནགས་ཚལ་མེ་སྐྱོན་གྱི་རྩ་འཛུགས་བཀོད་འདོམས་ཐད་ནས་རྒྱུས་ལོན་བྱེད་འོས་པའི་གནད་དོན་གཙོ་བོ་དང་ནགས་ཚལ་གྱི་མེ་སྐྱོན་གསོད་སྐྱོབ་ཐད་ཀྱི་རྒྱུན་སྤྱོད་བྱེད་ཐབས། སྒྲིག་ཆས་བཀོལ་སྤྱོད་སོགས་ཀྱི་སློབ་ཁྲིད་བྱེད་པ་བརྒྱུད་དེ། ནགས་ཚལ་གྱི་མེ་སྐྱོན་གསོད་སྐྱོབ་ཐད་ནས་རྒྱུས་ལོན་བྱེད་འོས་པའི་རིགས་མི་འདྲ་བའི་ཆེད་ལས་ཤེས་བྱ་དང་རྩལ་ནུས་སྣ་ཚོགས་ནགས་ཚལ་ས་ཁུལ་སོ་སོའི་མེ་གསོད་རུ་ཁག་ཏུ་སྐྱེལ་ནས། ས་གནས་ཀྱི་མེ་གསོད་རུ་ཁག་གི་ནགས་ཚལ་མེ་སྐྱོན་གསོད་སྐྱོབ་ནུས་པ་དང་འཕྲལ་བསྟུན་ཉེན་གཡོལ་ནུས་པ་མཐོར་འདེགས་བཏང་།