རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་སྤྱི་ཚོགས་ཉེན་ཚབ་བཅའ་ཁྲིམས་ལག་བསྟར་བྱས་ཚུལ་ལ་ཁྲིམས་བསྟར་ཞིབ་བཤེར་བྱེད་མགོ་བརྩམས་པ།
སྤྱི་ཚོགས་ཉེན་ཚབ་བཅའ་ཁྲིམས་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ནས་སྤྱི་ཚོགས་ཉེན་ཚབ་ལས་དོན་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་ཆེད། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཚེས4ཉིན་སྤྱི་ཚོགས་ཉེན་ཚབ་བཅའ་ཁྲིམས་ཀྱི་ཁྲིམས་བསྟར་ཞིབ་བཤེར་དངོས་སུ་བྱེད་མགོ་བརྩམས།
སྤྱི་ཚོགས་ཉེན་ཚབ་བཅའ་ཁྲིམས་ནི2011ལོའི་ཟླ7ཚེས1ཉིན་ནས་བཟུང་ལག་བསྟར་བྱས་པ་དང་། དེ་ནི་རང་རྒྱལ་གྱི་སྤྱི་ཚོགས་ཉེན་ཚབ་ལམ་ལུགས་ཚད་ལྡན་དུ་གཏོང་བའི་ཕྱོགས་བསྡུས་རང་བཞིན་གྱི་བཅའ་ཁྲིམས་ཤིག་ཡིན། གསར་འགོད་པས་ཚེས4ཉིན་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སྤྱི་ཚོགས་ཉེན་ཚབ་བཅའ་ཁྲིམས་ཁྲིམས་བསྟར་ཞིབ་བཤེར་ཚན་ཆུང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་ཐོག་ནས་ཤེས་རྟོགས་བྱུང་བ་ལྟར་ན། ཐེངས་འདིའི་ཁྲིམས་བསྟར་ཞིབ་བཤེར་གྱིས་ཁྲིམས་བསྟར་ཞིབ་བཤེར་ཚན་ཆུང་ས་གནས་སུ་ཞིབ་བཤེར་བྱེད་པར་བསྐྱོད་པ་དང་། ཞིང་ཆེན་རིམ་པའི་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་ཞིབ་བཤེར་བྱེད་པར་མངགས་བཅོལ་བྱེད་པའི་བྱེད་ཐབས་སྤྱད་དེ། ཟླ6པ་ནས་ཟླ7པའི་བར་ཁྲིམས་བསྟར་ཞིབ་བཤེར་ཚན་ཆུང་གིས་ཧེ་ལུང་ཅང་དང་། ཧྲང་ཧའེ། ཅང་ཞི། ཀོང་ཏུང་། སི་ཁྲོན། ཉིན་ཞ་སོགས་ཞིང་ཆེན་དང་རང་སྐྱོང་ལྗོངས། གྲོང་ཁྱེར6ལ་སོང་ནས་ཡུལ་དངོས་ནས་ཞིབ་བཤེར་བྱེད་པ་དང་། ཟླ5པ་ནས་ཟླ8པའི་བར་ལ་ལིའོ་ཉིན་དང་། ཀྲེ་ཅང་། ཨན་ཧུའེ། ཧི་ནན། ཁྲུང་ཆིན། མཚོ་སྔོན་སོགས་ཞིང་ཆེན་དང་གྲོང་ཁྱེར6གི་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་མངག་བཅོས་བྱས་ནས་སྲིད་འཛིན་ས་ཁོངས་གི་སྤྱི་ཚོགས་ཉེན་ཚབ་བཅའ་ཁྲིམས་ལག་བསྟར་བྱས་ཚུལ་ལ་ཞིབ་བཤེར་བྱེད་རྒྱུ་རེད།
ཁྲིམས་བསྟར་ཞིབ་བཤེར་ཁྲོད། ཞིབ་བཤེར་ཚན་ཆུང་གིས་གཙོ་བོ་ཕྱོགས་དྲུག་གི་ནང་དོན་ལ་ཞིབ་བཤེར་བྱེད་རྒྱུ་ཡིན་པ་སྟེ། སྤྱི་ཚོགས་ཉེན་ཚབ་ཀྱི་ཉེན་ཚབ་རིགས་སྣ་ཚོགས་ཀྱི་ཉེན་ཚབ་མ་དངུལ་སྤྲོད་ཚད་དང་ཐོབ་ཐང་ལོངས་སུ་སྤྱོད་པའི་གཞི་རྩའི་གནས་ཚུལ་དང་། སྤྱི་ཚོགས་ཉེན་ཚབ་ཀྱི་འབྲེལ་ཡོད་སྡེ་ཁག་གི་འགན་འཁྲི་དོན་འཁྱོལ་བྱས་ཚུལ། སྤྱི་ཚོགས་ཉེན་ཚབ་མ་དངུལ་བདེ་འཇགས་ངང་འཁོར་སྐྱོད་དང་ལྟ་སྐུལ་དོ་དམ་བྱས་པའི་གནས་ཚུལ། སྤྱི་ཚོགས་ཉེན་ཚབ་སྒྲུབ་གཉེར་དོ་དམ་མ་ལག་འཛུགས་སྐྲུན་བྱས་པའི་གནས་ཚུལ། སྤྱི་ཚོགས་ཉེན་ཚབ་བཅའ་ཁྲིམས་ཀྱི་དྲིལ་སྒྲོག་སློབ་གསོའི་གནས་ཚུལ། ཁྲིམས་སྲོལ་དང་སྒྲིག་སྲོལ་གཏན་འབེབས་བྱས་ཚུལ། སྤྱི་ཚོགས་ཉེན་ཚབ་བཅའ་ཁྲིམས་ལག་བསྟར་ཁྲོད་གནས་པའི་གནད་དོན་དང་བསམ་འཆར། གྲོས་གཞི་གཙོ་བོ། བཅའ་ཁྲིམས་ཀྱི་དོན་ཚན་དེ་བཅོས་སྒྱུར་འཕེལ་རྒྱས་དང་མི་འཚམ་པའི་གནས་ཚུལ་དང་བཟོ་བཅོས་གྲོས་གཞི་བཅས་ཡིན།
ཟླ9པའི་ཟླ་དཀྱིལ་དུ། ཁྲིམས་བསྟར་ཞིབ་བཤེར་ཚན་ཆུང་གིས་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་འཚོགས་ཏེ། ཁྲིམས་བསྟར་ཞིབ་བཤེར་བྱ་བར་སྤྱི་སྡོམ་དང་། ཁྲིམས་བསྟར་ཞིབ་བཤེར་སྙན་ཞུའི་མ་ཡིག་ལ་ཞིབ་འཇུག་དང་གྲོས་བསྡུར་བྱེད་རྒྱུ་ཡིན་པ་མ་ཟད། གྲོས་སྡུར་བསམ་འཆར་ལྟར་ཁྲིམས་བསྟར་ཞིབ་བཤེར་སྙན་ཞུའི་མ་ཡིག་ལ་བཟོ་བཅོས་དང་འཐུས་ཚང་དུ་གཏོང་རྒྱུ་རེད།