མདུན་ངོས། བློ་སྟོན་ཁྲིམས་ཁང་། བཅའ་ཁྲིམས་རྒྱུན་ཤེས། གངས་ལྗོངས་ཁྲིམས་ར། དཔེ་མཚོན་གྱོད་དཔེ། རྩོམ་རིག བརྙན་ཟློས།

སྨག་རུམ་ཁྲོད་ཀྱི་ཁྲམ་པ།

ནམ་མཁའ།  2024-05-31 17:29:16 

ཉེ་སྔོན། ཟི་ལིང་གྲོང་ཁྱེར་སྤྱི་བདེ་ཅུའུ་མཁར་ཤར་སྤྱི་བདེ་ཡན་ལག་ཅུའུ་ཀྲོའུ་ཅ་ཆོན་མངགས་གཏོང་ཁང་ལ110གི་བཀའ་འབྱོར་ཏེ། མངའ་ཁུལ་གྱི་ཚོང་ཁང་ག་གེ་མོའི་སྒོ་ཟྭ་བཅགས་ནས་ནང་གི་དངོས་པོ་བརྐུས་སོང་ཞེས་ཟེར། ཉེན་རྟོག་པ་ཡུལ་དངོས་སུ་སོང་བ་ན་གྱོད་དོན་སྙན་སེང་ཞུ་མཁན་སྐུ་ཞབས་ཁྲེན་གྱིས་བཤད་རྒྱུར། སྔ་དྲོར་ཚོང་ཁང་གི་སྒོ་ཕྱེས་དུས་སྒོ་ཟྭ་བཅགས་ནས་ནང་གི་ཚོང་སྒྲོམ་གྱི་འཐེན་སྒམ་ནང་དུ་ཡོད་པའི་སྒོར3000གཞན་གྱིས་བརྐུས་པ་དང་། ད་དུང་ཚོང་ཁང་ནང་དུ་ཟྭ་གཅོག་བྱེད་ཀྱི་སྐམ་པ་གཉིས་བཞག་འདུག་ཟེར།

དེ་ནས་ཉེན་རྟོག་པས་སྐམ་པ་དེ་ཁུངས་སྣེ་འཚོལ་བྱེད་དུ་བཟུང་སྟེ་འཕྲལ་དུ་གཏིང་ཟབ་སྒོས་ཞིབ་བཤེར་མགོ་བརྩམས་ཤིང་། ཉེ་འཁོར་གྱི་ལྟ་སྐུལ་ཚོད་འཛིན་འཕྲུལ་ཆས་ཀྱི་བརྙན་རིས་ལ་ལྟ་བ་དང་། མང་ཚོགས་ལ་བཅར་འདྲི། དོགས་ཡོད་ཉེས་ཅན་གྱི་འགུལ་སྐྱོད་རྗེས་ཤུལ་ལ་དབྱེ་ཞིབ་བྱེད་པ་སོགས་ཀྱི་བྱེད་ཐབས་བརྒྱུད་དེ། ཉེན་རྟོག་ཕྱོགས་ཀྱིས་དོགས་ཡོད་ཉེས་ཅན་གྱི་ཐོབ་ཐང་དང་སྦས་སྐུང་བྱེད་གནས་གཏན་འཁེལ་བྱས། གྱོད་སྒྲུབ་ཉེན་རྟོག་པས་བདེན་དཔང་གྱ་ནོམ་པ་བླངས་རྗེས་འགུལ་སྐྱོད་བྱས་ཏེ། ཟླ5པའི་ཚེས6ཉིན་དོགས་ཡོད་ཉེས་ཅན་ཧན་ཆེ་གེ་མོ་སྨན་ཁང་ག་གེ་མོའི་ཉེ་འཁོར་དུ་འཛིན་བཟུང་བྱས།

ཧན་ཆེ་གེ་མོས་རྩིས་སྤྲོད་བྱས་པ་ལྟར་ན། ཟླ4པའི་ཚེས16ཉིན་གྱི་ནམ་གུང་དུ་ཁོ་རང་རྒྱ་སྲང་ཉུལ་ཏེ་ཚོང་ཁང་ཞིག་བཙལ་ཞིང་དེའི་ནང་དུ་འཛུལ་ནས་སྒོར་མོ་རེ་འཚོལ་འདོད་སྐྱེས། སྲང་ལམ་དེའི་ལམ་འགྲམ་བརྒྱུད་ནས་སོང་སོང་མཐར་ཚོང་ཁང་དེའི་སྒོ་ཁར་ཐོན་ཞིང་། དེ་ནས་ཁོས་ཡར་ལྟ་མར་ལྟ་རེ་བྱེད་དུས་ཕྱོགས་བཞི་མཚམས་བརྒྱད་དུ་མི་ཞིག་གི་གྲིབ་མ་ཙམ་ཡང་མཐོང་རྒྱུ་མེད་པས། སེམས་བདེ་མོའི་ངང་སྔོན་ནས་གྲ་སྒྲིག་བྱས་ཡོད་པའི་སྐམ་པ་དེ་བཟུང་ནས་ཚོང་ཁང་གི་སྒོ་ཟྭ་ཤུགས་ཀྱིས་གཅུས་པ་ན་སྒོ་བདེ་བླག་ངང་འབྱེད་ཐུབ་སོང་།

ཚོང་ཁང་ནང་དུ་འཛུལ་ནས་བློར་འབབ་པའི་དངོས་པོ་ཅི་ཞིག་ཡོད་མེད་ལ་ལྟ་དུས། ཚོང་སྒྲོམ་གྱི་འཐེན་སྒམ་དེ་མིག་ལམ་དུ་མངོན་ཡོང་བ་ན་དེའི་ནང་གི་སྒོར་མོ་ཚང་མ་རང་གི་ཁུག་མར་བཅུག ཧ་ལས་པའི་དོན་དག་ཅིག་སྟེ་སྔོན་ཆད་འདི་དང་ཤིན་ཏུ་མཚུངས་པའི་གྱོད་དོན་འགའ་བྱུང་མྱོང་ཡོད་དེ། ཧན་ཆེ་གེ་མོས་བཤད་རྒྱུར། ཁོས་སྒོར་མོ་འཚོལ་མི་ཐུབ་ཅིང་། ད་ལྟ་མི་ཚང་མས་ཁ་པར་ལས་སྒོར་མོ་སྤྲོད་བཞིན་ཡོད་པས་ལག་སྒོར་རེ་བརྐུ་བསམས་ནས་སྐམ་པ་དེ་ནམ་རྒྱུན་རང་གི་ཁུག་མར་བཅུག་ནས་སོང་བ་ཡིན་ཟེར། ཁོས་རྩིས་སྤྲོད་བྱས་པ་ལྟར་ན། ཟླ4པའི་ཚེས3ཉིན་གྱི་ནམ་གུང་དུ་ཁོས་སྐམ་པ་བཟུང་ནས་ཚོང་ཁང་གཉིས་ཀྱི་སྒོ་ཟྭ་བཅགས་ནས་འཕྲོག་བཅོམ་བྱས་མྱོང་བ་དང། ཟླ4པའི་ཚེས9ཉིན་གྱི་ནམ་གུང་དུའང་སྔར་བཞིན་བྱེད་ཐབས་གཅིག་མཚུངས་བཀོལ་ནས་སྨན་འཚོང་ཁང་ག་གེ་མོར་ཡང་འཕྲོག་བཅོམ་བྱས་མྱོང་ཞིང་། བསྡོམས་པས་སྒོར་མོ6000ལྷག་འཕྲོག་བཅོམ་བྱས་ཡོད།

འདྲི་གཅོད་བྱས་པ་བརྒྱུད། དོགས་ཡོད་ཉེས་ཅན་ཧན་ཆེ་གེ་མོས་འཕྲོག་བཅོམ་བྱས་ནས་ནག་ཉེས་བསགས་པའི་དོན་དངོས་སྦ་གསང་མེད་པར་ཁས་ལེན་བྱས་ཤིང་། མིག་སྔར་གྱོད་དོན་གོམ་གང་མདུན་སྤོས་ངང་སྒྲུབ་བཞིན་མཆིས།

རྩོམ་སྒྲིག་པ། སངས་བཀྲ།