ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི2024ལོའི་ཁྲིམས་འཛུགས་འཆར་གཞིའི་བཀོད་སྒྲིག་ལྟར། ཉེ་ཆར། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རྟོག་ཞིབ་ཚན་ཆུང་དེ་ཞིང་ཆེན་ཁྲིམས་འཛིན་ཐིན་དང་། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ། མིན་ཡོན་ཧོས་རིགས་རང་སྐྱོང་རྫོང་བཅས་སུ་སོང་ནས་སྲིད་འཛིན་ཁྲིམས་བསྟར་ལྟ་སྐུལ་གྱི་ཁྲིམས་འཛུགས་རྟོག་ཞིབ་བྱས།
རྟོག་ཞིབ་ཚན་ཆུང་མཚོ་བྱང་ཁུལ་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུའུ་དང་ཅིན་ཧྲ་མཚོ་ཁུགས་ཀྱི་དམིགས་བསལ་ཆོག་མཆན་ཐོབ་པའི་ཚོང་གཉེར་བྱེད་ས། མིན་ཡོན་རྫོང་གི་ཞིང་ཕྱུགས་དང་། འགྲིམ་འགྲུལ་སྐྱེལ་འདྲེན། འཕྲལ་བསྟུན་དོ་དམ་གྱི་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་བསྟར་རུ་ཁག་ཆེན་མོ་བཅས་སུ་སོང་སྟེ། ཡུལ་དངོས་ལྟ་བཤེར་དང་། གྲུབ་འབྲས་བཤམས་སྟོན་ལ་ལྟ་བ། ཡུལ་དངོས་འདྲི་རྩད་སོགས་ཀྱི་རྣམ་པ་བརྒྱུད་ནས། འབྲེལ་ཡོད་སྡེ་ཁག་སོ་སོའི་སྲིད་འཛིན་ཁྲིམས་བསྟར་དང་སྲིད་འཛིན་ཁྲིམས་བསྟར་ལྟ་སྐུལ་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས།
རྟོག་ཞིབ་ཚན་ཆུང་གིས་རང་ཞིང་གི་སྲིད་འཛིན་ཁྲིམས་བསྟར་ལྟ་སྐུལ་བྱ་བའི་ཕན་འབྲས་ལ་ཁས་ལེན་གང་ལེགས་བྱས། སྲིད་གཞུང་གི་སྲིད་འཛིན་ཁྲིམས་བསྟར་ལྟ་སྐུལ་ལས་ཁུངས་དང་ཁྲིམས་བསྟར་ལས་ཁུངས་གཙོ་བོ་སོ་སོས་བྱ་བའི་རྐྱེན་སྲོལ་འཐུས་ཚང་དུ་བཏང་སྟེ། སྲིད་འཛིན་ཁྲིམས་བསྟར་ཚད་ལྡན་ཅན་དང་ཚད་གཞི་ཅན། ཆེད་ལས་ཅན་དང་གཞི་གྲངས་ཅན་བཅས་ཀྱི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས།མཉམ་ལས་ལ་ཤུགས་བསྣན་ནས། སྲིད་འཛིན་ཁྲིམས་བསྟར་ལྟ་སྐུལ་དང་ལྟ་སྐུལ་གཞན་དག་སྦྲེལ་མཐུད་ནུས་ལྡན་བྱེད་པར་སྐུལ་འདེད་གཏོང་བ་དང་། སྲིད་འཛིན་ཁྲིམས་བསྟར་བྱ་སྤྱོད་ཀྱི་བརྒྱུད་རིམ་ཧྲིལ་བོར་ཁུངས་འདེད་དང་། བརྟག་བཤེར། དཔང་སྟོན། འགན་འཁྲི་རྩད་འདེད་བཅས་བྱེད་ཆོག་པར་སྐུལ་འདེད་གཏང་དགོས། གཞི་གྲངས་ཀྱི་བཀག་རྒྱ་གཏོར་ཏེ། ཆ་འཕྲིན་མཉམ་སྤྱོད་ལ་སྐུལ་འདེད་གཏོང་བ་དང་། རིམ་པ་སོ་སོ་དང་རིགས་སོ་སོའི་སྲིད་འཛིན་ཁྲིམས་བསྟར་བྱེད་པོ་དང་སྲིད་འཛིན་ཁྲིམས་བསྟར་བྱ་བ་སྣ་ཚོགས་ཡོངས་སུ་ཁེབས་པར་བྱ་དགོས་ཞེས་ནན་གྱིས་བསྟན།
རྟོག་ཞིབ་ཚན་ཆུང་གིས་བསྟན་དོན། ཁྲིམས་འཛིན་སྲིད་འཛིན་ལས་ཁུངས་ཀྱིས་བྱ་བ་ཧུར་ཐག་གིས་བསྒྲུབ་སྟེ། ཏང་ཀྲུང་དབྱང་གི་ཇུས་ཆོད་ཀྱི་ཐོད་བརྒལ་དེ་བྱ་བ་དང་ལག་ལེན། ལམ་ལུགས་འཛུགས་སྐྲུན་བཅས་ཀྱི་ཐོད་བརྒལ་ལ་བསྒྱུར་དགོས། ལྟ་ཞིབ་ཁྲིམས་འཛིན་ཨུ་ཡོན་ལྷན་ཁང་ལས་ཡུལ་དང་པོར་བསྐྱོད་ནས་གཞི་རིམ་གྱི་འབྲེལ་ཡོད་ལག་ལེན་ཉམས་མྱོང་སྔོག་འདོན་བྱེད་པ་དང་། མི་དམངས་མང་ཚོགས་ཀྱི་རེ་བ་སྲོལ་ཡིག་དང་འཆར་ཟིན་གྱི་གྲས་སུ་བཞག་སྟེ། བཅོས་སྒྱུར་ཁྲིམས་འཛུགས་ལས་གཞི་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་གཏང་དགོས། སྲིད་འཛིན་ཁྲིམས་བསྟར་ལས་ཁུངས་སོ་སོས་ལས་འགན་ལག་བསྟར་དང་། རང་འགུལ་གཞོགས་འདེགས་དང་སྲིད་འཛིན་ཁྲིམས་བསྟར་ལྟ་སྐུལ་གྱི་ཁྲིམས་འཛུགས་བྱ་བར་ཧུར་ཐག་གིས་ཟབ་ཞུགས་བྱས་ཏེ། བློ་འདོན་ཇུས་འབུལ་མང་པོ་བྱས་ནས་ཁྲིམས་མཐུན་སྲིད་འཛིན་ཆུ་ཚད་ཁྱོན་ཡོངས་ནས་མཐོར་འདེགས་གཏང་དགོས།