མདུན་ངོས། བློ་སྟོན་ཁྲིམས་ཁང་། བཅའ་ཁྲིམས་རྒྱུན་ཤེས། གངས་ལྗོངས་ཁྲིམས་ར། དཔེ་མཚོན་གྱོད་དཔེ། རྩོམ་རིག བརྙན་ཟློས།

རླངས་འཁོར་དོན་རྐྱེན་ལས་མི3བསད་པ།

སངས་བཀྲ།  2024-05-23 17:38:18 

ནམ་རྒྱུན་རླངས་འཁོར་སྐོར་དུས་ལག་ཁྱེར་མེད་པར་སྐོར་བ་དང་མྱུར་ཚད་ལས་བརྒལ་ནས་སྐྱོད་པ། གཞུང་ཐིག་བརྒལ་ནས་སྐྱོད་པ་སོགས་ནི་རང་གཞན་གཉིས་ཀྱི་ཚེ་སྲོག་ལ་འགན་མ་འཁུར་བའི་རྟགས་ཡིན།

གྱོད་དཔེ་ངོ་སྤྲོད།

2022ལོའི་ཟླ6པའི་ཚེས18ཉིན་གྱི་ཆུ་ཚོད12ཡས་མས་སུ། མཚོ་སྔོན་ཞིང་ཆེན་ཞིན་ཧེ་རྫོང་རྩི་གོར་ཐང་གྲོང་རྡལ་ཆུ་འགག་སྡེ་བའི་ཁ་ལོ་བ་དབང་ཆེ་གེ་མོས་ལག་ཁྱེར་མེད་པར་ཨང་རྟགས་ཧྲན་ཞིA9xxxxཅན་གྱི་འགྲུལ་སྐྱེལ་རླངས་འཁོར་ཆུང་གྲས་དེ་རྩེ་ཞིན་ལམ(ལམ་དུམ་དེའི་མྱུར་ཚད80km/hཡིན་ལ། གསལ་འབྱེད་བྱས་པ་བརྒྱུད་རླངས་འཁོར་དེའི་མྱུར་ཚད93km/hརེད) དུ་ལྷོ་ནས་བྱང་ཕྱོགས་སུ་བསྐྱོད་དེ། 573རྒྱལ་ལམ་གྱི་སྤྱི་ལེ204+སྨི350(ལམ་དུམ་དེའི་མྱུར་ཚད80km/hཡིན་ལ། གསལ་འབྱེད་བྱས་པ་བརྒྱུད་རླངས་འཁོར་དེའི་མྱུར་ཚད96km/hརེད)མཚམས་སུ། མཚོ་སྔོན་ཞིང་ཆེན་ཞིན་ཧེ་རྫོང་ཧོལ་ཁ་གྲོང་རྡལ་ཧྲོང་བོ་སྡེ་བའི་ཁ་ལོ་བ་བཀྲ་ཆེ་གེ་མོས་བསྐོར་བའི་ཨང་རྟགས་མཚོ་སྔོནE7xxxxཅན་གྱི་རླངས་འཁོར་ཆུང་གྲས་དང་གདོང་ཐུག་བརྒྱབ་སྟེ། ཁ་ལོ་བ་བཀྲ་ཆེ་གེ་མོ་དང་ཁ་ལོ་བ་གཞོན་པའི་འདུག་གནས་སུ་ཡོད་པའི་ཀླུ་ཆེ་གེ་མོ་གཉིས་ཡུལ་དངོས་སུ་ཤི་བར་མ་ཟད། རླངས་འཁོར་ལ་འདུག་མཁན་དཔལ་ཆེ་གེ་མོ་ཞིན་ཧེ་རྫོང་མི་དམངས་སྨན་ཁང་དུ་མྱུར་སྐྱོབ་བྱས་ཀྱང་ཕན་འབྲས་མ་ཐོན་པར་ཤི་ལ། ཁ་ལོ་བ་དབང་ཆེ་གེ་མོ་ཞིན་ཧེ་རྫོང་མི་དམངས་སྨན་ཁང་དུ་མྱུར་སྐྱོབ་བྱས་པའི་འགྲིམ་འགྲུལ་དོན་རྐྱེན་ཚབས་ཆེན་བྱུང་།

འབྱུང་རྐྱེན་དབྱེ་ཞིབ།

ཁ་ལོ་བ་དབང་ཆེ་གེ་མོས་ལག་ཁྱེར་མེད་པའི་ཁར་ད་དུང་མྱུར་ཚད་ལས་བརྒལ་ནས་བསྐོར་བ་དང་། ཁ་ལོ་བ་བཀྲ་ཆེ་གེ་མོས་མྱུར་ཚད་ལས་བརྒལ་བ་དང་གཞུང་ཐིག་བརྒལ་ནས་བསྐོར་བ་ནི་འགྲིམ་འགྲུལ་དོན་རྐྱེན་འདིའི་ཐད་ཀའི་འབྱུང་རྐྱེན་རེད།ཁ་ལོ་བ་མང་པོ་ཞིག་ལ་བདེ་འཇགས་འདུ་ཤེས་ཞན་པས། རང་གཞན་གྱི་བདེ་འཇགས་སྣང་མེད་དུ་བཞག་ནས་ཆག་སྒོ་བཟོས་ཏེ་ཁྱིམ་ཚང་མང་པོ་ཞིག་ལ་གཏོར་བརླག་བཟོས་ཡོད།

【ཁྲག་གི་བསླབ་བྱ】

སྤྱིར་ན་མི་ཚང་མས་འགྲིམ་འགྲུལ་སྒྲིག་སྲོལ་བརྩི་སྲུང་བྱས་ཏེ་བདེ་འཇགས་ངང་འགྲོ་འོང་བྱས་ཚེ། འགྲིམ་འགྲུལ་དོན་རྐྱེན་གང་མང་ཞིག་མ་གཞི་ནས་མི་ཡོང་བ་བྱ་ཐུབ་ལ། ཤི་རྨས་མང་པོ་ཞིག་མ་གཞི་ནས་ཐེབས་མི་དགོས། དོན་དངོས་སུ་གཞུང་ལམ་སྟེང་གི་ལག་དམར་ནི་འགྲིམ་འགྲུལ་བདེ་འཇགས་ཀྱི་འདུ་ཤེས་ཞན་པའི་རིགས་དང་འགྲིམ་འགྲུལ་སྒྲིག་སྲོལ་སྣང་མེད་དུ་འཇོག་མཁན་དག་ལས་མ་འདས། ཁྲག་གིས་སྦགས་པའི་དོན་རྐྱེན་གྱི་མདུན་དུ་ཚང་མ་གཉིད་ལས་སད་རན་རེད།

རྩོམ་སྒྲིག་པ། སངས་བཀྲ།