(དཔལ་ཡུལ) ཁམས་ཟླ་སྲས།
སྣང་བའི་གོམས་འགྲོས་དབྱངས་ལ་སྦྱར་བཞིན། །
འདུན་མའི་ཆེད་དུ་རི་ཀླུང་བརྒལ་ཏེ། །
སེམས་སོང་དབྱངས་ཀྱི་ཟླ་བ་ལྷ་མོ། །
བྱམས་བརྩེའི་འོད་དཀར་བདག་ལ་སིམས་རོགས། །
དྲུག་འགྱུར་ངག་ལ་རང་དབང་ཐོབ་ཟེར། །
འཕྱོར་སྒེག་འཛུམ་ལ་འགྲན་ཟླ་མེད་ཟེར། །
ཁྱོད་ཀྱི་བརྩེ་བའི་དབྱངས་རྟ་རུམ་ནས། །
ཤོམ་ཆེན་ཞིག་གིས་འགྲོ་སྟངས་ལྷག་ཡོད། །
གཟུགས་ཡག་སྨྲ་བྱའི་སྒྲོ་གུར་ཕིབ་ནས། །
ཉམས་འགྱུར་ངག་གི་འགྱུར་ཁུག་རྫོགས་པའི། །
ཡིད་འོང་གཞོན་ནུའི་རོལ་སྒེག་འགྱིང་མ། །
དབྱངས་ཅན་ལྷ་མོ་ད་ཚུར་བྱོན་དང་། །
སྙིང་གི་བུམ་པའི་མགོ་བོ་བཀྱག་ནས། །
འཛུམ་གྱི་འཛུམ་དམུལ་ཕྱི་རུ་མངོན་དུས། །
སྙན་ཤལ་འདབ་མ་དྲག་ཏུ་སྦྱར་ནས། །
ཁྱོད་ལ་དགའ་བའི་འོ་ཞིག་བསྐུར་འདོད། །
སོ་དཀར་ཕྲེང་བའི་ཀུ་མུད་འཛུམ་འཛུམ། །
དགྱེས་འཛུམ་པདྨོའི་མེ་ཏོག་བཞད་བཞད། །
ཟླ་བའི་འོད་ཟེར་དབྱིངས་ལ་བཏེགས་ཏེ། །
བྱིན་རླབས་བརྩེ་བའི་སྙན་ཆར་ཕོབས་དང་། །
དབྱངས་གསལ་སུམ་ཅུའི་ཚིག་གི་ཕྲེང་བ། །
སྙན་དབྱངས་ངག་གི་འདབ་མར་རློམ་ཏེ། །
རྒྱང་རིང་ལྷ་ཡི་འོད་ཟེར་ཅན་མ། །
དོ་ནུབ་མལ་ས་སྟོང་བས་བསྒུག་ཡོད། །