ཀྲའོ་ལི་ཅི་ཡིས་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པའི་གསར་འགྱུར་དྲིལ་སྒྲོག་ལ་ཞུགས་པའི་གསར་འགྱུར་ལས་དོན་པར་འཚམས་འདྲི་གནང་བ།
ཟླ3པའི་ཚེས11ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པའི་གསར་འགྱུར་དྲིལ་སྒྲོག་ལ་ཞུགས་པའི་ཀྲུང་དབྱང་གི་གསར་འགྱུར་ལས་ཁུངས་གཙོ་བོའི་འགན་འཁུར་བློ་མཐུན་དང་གསར་འགྱུར་ལས་དོན་པར་འཚམས་འདྲི་གནང་བ་དང་། ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པ་དང་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་ཞུས་ཏེ། ཚོགས་ཆེན་གྱི་གསར་འགྱུར་དྲིལ་སྒྲོག་ལ་ཞུགས་པའི་གསར་འགྱུར་ལས་དོན་པ་ཡོངས་ལ་འཚམས་འདྲི་དང་ཐུགས་རྗེ་ཆེ་ཞུས། ཁོང་གིས་ཏང་ཀྲུང་དབྱང་གི་འགོ་ཁྲིད་བརྟན་པོའི་འོག་ཏུ། འབྲེལ་ཡོད་སྡེ་ཁག་དང་གསར་འགྱུར་ལས་ཁུངས་གཙོ་བོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ནས། “མཐུན་སྒྲིལ་དང་བརྟན་བརླིང་། ཡར་སྐུལ་བཅས་གཙོ་བོར་བྱེད་པའི”བྱེད་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་དང་གླེང་ཕྱོགས་ཀྱི་ཁྲིད་སྟོན། རིན་ཐང་གི་ཁ་ཕྱོགས་བཅས་ལ་སྟངས་འཛིན་ནན་མོ་བྱས་ནས། བདེན་སྲུང་གསར་གཏོད་སྒོས་ཚོགས་ཆེན་གྱི་གསར་འགྱུར་དྲིལ་སྒྲོག་ལས་དོན་ཡག་པོར་བསྒྲུབས་ནས། ཚོགས་ཆེན་བདེ་བླག་ཡོང་ཆེད་བྱས་རྗེས་ཆེན་པོ་བཞག་ཡོད་ཅེས་གསུངས།
ཀྲའོ་ལི་ཅི་ཡིས་གསར་འགྱུར་སྨྱན་བྱད་ཀྱིས་གཏིང་ཟབ་མོ་དང་བརྩེ་བས་ཕྱུག་པ། བརྩོན་སེམས་བསྐྱེད་པ་བཅས་ཀྱི་བརྩམས་ཆོས་དུ་མ་བཏོན་པ་དང་། བཏོན་པའི་བརྩམས་ཆོས་དེ་དག་གི་བརྗོད་དོན་གསལ་ཞིང་འབུར་དུ་ཐོན་ལ། དེ་མིན་ད་དུང་དར་ཆ་མཐོར་སྒྲེང་དང་དངོས་འཛིན་དངོས་སྒྲུབ། མཐུན་སྒྲིལ་ཡར་བརྩོན་བཅས་ཀྱི་གླེང་ཕྱོགས་ཀྱི་མཁའ་དབུགས་ཡག་པོ་ཞིག་བསྐྲུན་ཡོད། གཅིག་ནས་གཅིག་སྡུད་སྒོས་གནས་ཚུལ་སྒྲོག་སྤེལ་གང་ལེགས་བྱས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་འཐུས་མི་ཚོས་རྒྱལ་དོན་མཉམ་གྲོས་དང་འཕེལ་རྒྱས་ལ་འཆར་གཞི་མཉན་འགོད་བྱེད་ཀྱིན་པའི་རྣམ་པ་གསོན་ཉམས་ལྡན་པའི་ངང་ཟིན་ཐོར་བཀོད་ཡོད་ཅིང་། གནད་དེའི་སྟེང་ནས་རྒྱལ་ཁབ་ཆེན་པོའི་གཙོ་འཛིན་གྱི་འགན་འཁྲི་འཁུར་སེམས་དང་དམངས་ལ་བཅངས་པའི་བརྩེ་སེམས་གང་ལེགས་སྒོས་མཚོན་ཐུབ་ཡོད་ལ། རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་གོང་བཀུར་མཐའ་གཅིག་ཏུ་ཞུ་བ་གང་ལེགས་སྒོས་མངོན་ཐུབ་ཡོད། གཉིས་ནས་ཀྲུང་གོའི་དཔལ་འབྱོར་གྱི་མཉེན་ཤུགས་དང་འཕེལ་ཤུགས། ཡངས་ཤིང་རྒྱ་ཆེ་བའི་འཕེལ་རྒྱས་ཀྱི་མདུན་ལམ་བཅས་དྲིལ་སྒྲོག་དང་འཆད་འགྲེལ་བྱས་ནས། གླེང་བྱའི་ནང་དོན་ལ་གནས་ལུགས་ཆེན་པོ་ལྡན་པའི་དབང་གིས། སྤྱི་ཚོགས་ཡོངས་དང་ཕྱོགས་སོ་སོར་སྐུལ་འདེད་ནུས་ལྡན་བཏང་སྟེ། ཡིད་ཆེས་དང་གདིང་ཤུགས་སྔར་ལས་འཕེལ་བར་བྱས་ཡོད། གསུམ་ནས་ཚོགས་འདུའི་གོ་རིམ་རང་བཞིན་གྱི་གནས་ཚུལ་དུས་ཐོག་དང་གནད་འཁེལ་ངང་སྒྲོག་སྤེལ་བྱས་པའི་དབང་གིས། འཐུས་མིའི་གྲོས་ཞིབ་གཏམ་བཤད་དང་བཏོན་པའི་གྲོས་གཞི་དང་བསམ་འཆར་གང་ལེགས་སྒོས་མཚོན་ཐུབ་ཡོད་ཅིང་། གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་དང་གསར་འགོད་པའི་ཚོགས་འདུ།“འཐུས་མིའི་བགྲོད་ལམ།” “པུའུ་ཀྲང་གི་བགྲོད་ལམ།” ཚོགས་པ་དང་ཚན་ཆུང་བྱ་འགུལ་བཅས་ཀྱི་བྱེད་སྒོའི་གནས་ཚུལ་སྒྲོག་སྤེལ་བྱ་བ་ཏན་ཏིག་ངང་ཡག་པོར་བསྒྲུབས་ཏེ། རྒྱལ་ཁབ་ཕྱི་ནང་གི་ཕྱོགས་སོ་སོས་ཚོགས་ཆེན་གྱི་སྐར་ཁུང་འདི་བརྒྱུད་དེ། བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་དང་དམངས་ཆེན་ལམ་ལུགས་ཀྱི་མངོན་གསལ་དོད་པའི་ལེགས་ཆ་ཚོར་ཐུབ་པར་བྱས། བཞི་ནས་ཇུས་འགོད་དང་རྩ་འཛུགས་ཞིབ་ཚགས་བྱས་ནས“ཚགས་པར་དང་བརྙན་འཕྲིན་ལས་ཁུངས། དྲ་རྒྱ། མགྲོན་སྣེ་སྐུད་ལམ”སོགས་མཉམ་འདྲེས་གཏིང་ཟབ་བྱས་ཏེ། མང་ཚོགས་ཀྱིས་ཉན་དགའ་ཞིང་ལྟ་སྤྲོ་བར་བྱས་ཏེ། ཚང་མའི་ངོས་འཛིན་གཅིག་མཐུན་ཡོང་བར་བྱས། ཕྱི་ཕྱོགས་དྲིག་སྒྲོག་བྱས་པ་ཡིད་རྟོན་གདེང་འཁེལ་ཡིན་ལ། ཀྲུང་གོའི་གཏམ་རྒྱུད་གསོན་ཉམས་ལྡན་པའི་ངང་བཤད་པའི་དབང་གིས། ཀུན་གྱིས་བློ་གཏད་ཆོག་པ་དང་གུས་བཀུར་ཞུ་འོས་པ། གསོན་ཤུགས་ལྡན་པ་བཅས་ཀྱི་ཀྲུང་གོའི་སྣང་བརྙན་མངོན་སྟོན་བྱས་ཡོད་ཅེས་གསུངས།
ཀྲའོ་ལི་ཅི་ཡིས་དམངས་ཆེན་བྱ་བའི་ཁྱད་ཆོས་མངོན་གསལ་ཞིག་ནི་ཁྲིམས་དང་མཐུན་ཞིང་། ཡོངས་བསྒྲགས་དང་མངོན་གསལ་ཡོང་བར་བྱེད་རྒྱུ་དེ་ཡིན། གསར་འགྱུར་སྨྱན་བྱད་ཀྱིས་དམངས་ཆེན་གྱི་གསར་འགྱུར་དྲིལ་སྒྲོག་བྱ་བར་མུ་མཐུད་སེམས་ཁུར་དང་རྒྱབ་སྐྱོར་བྱས་ཏེ། རྒྱལ་ཡོངས་དམངས་ཆེན་བཙུགས་ནས་ལོ70འཁོར་བར་རྟེན་འབྲེལ་ཞུ་བའི་དྲིལ་སྒྲོག་བྱ་བ་འབད་པས་བསྒྲུབ་རྒྱུ་དང་། དམངས་ཆེན་ལམ་ལུགས་དང་དམངས་ཆེན་ལས་དོན། དམངས་ཆེན་འཐུས་མི་བཅས་ཀྱི་གསར་འགྱུར་སྔོག་འདོན་དང་བེད་སྤྱོད་ཡག་པོ་བྱེད་པ། ཀྲུང་གོའི་དམངས་ཆེན་གཏམ་རྒྱུད་དང་ཀྲུང་གོའི་གཏམ་རྒྱུད། ཀྲུང་གོའི་ཁྲིམས་སྐྱོང་གཏམ་རྒྱུད་བཅས་ཡག་པོར་བཤད་ནས། རྒྱལ་ཁབ་ཀྱི་རྩ་བའི་ཆབ་སྲིད་ལམ་ལུགས་ཀུན་གྱི་སེམས་གཏིང་དུ་སིམ་པར་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་གསུངས།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ལིས་ཧྲུའུ་ལེ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ལིས་ཧུང་ཀྲུང་སོགས་ཀྱིས་མཉམ་དུ་འཚམས་འདྲི་བྱས།