ནུས་ཁུངས་ནི་མིའི་རིགས་ཀྱི་དཔལ་ཡོན་གོང་འཕེལ་གྱི་རྨང་གཞི་དང་སྒུལ་ཤུགས་ཡིན་ཞིང་། རྒྱལ་ཁབ་ཀྱི་ཇུས་ཆེན་དང་དམངས་ཀྱི་འཚོ་བ། རྒྱལ་ཁབ་ཀྱི་བདེ་འཇགས་དང་བརྟན་འཇགས་བཅས་ལ་འབྲེལ་བ་ཡོད། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པར་ཞུགས་པའི་མཚོ་སྔོན་ཞིང་ཆེན་དང་ཧྲའན་ཞི་ཞིང་ཆེན། ཀན་སུའུ་ཞིང་ཆེན། ཉིང་ཞཱ་ཧོས་རིགས་རང་སྐྱོང་ལྗོངས། ཞིན་ཅང་ཡུ་གུར་རིགས་རང་སྐྱོང་ལྗོངས་བཅས་ཀྱི་སྲིད་གྲོས་ཀྲུའུ་ཞིས་མཉམ་འབྲེལ་སྒོས་ཚོགས་ཆེན་ལ་གྲོས་གཞི་བཏོན་ནས། དར་གོས་ཚོང་ལམ་གྱི་ལྷད་མེད་གློག་གི་ཁྱམས་ར་དང་ནུབ་བྱང་གི་ལྷད་མེད་གློག་གི་དཔེ་སྟོན་ས་ཁུལ་གསར་འཛུགས་བྱེད་པར་རྒྱབ་སྐྱོར་བྱ་རྒྱུའི་གྲོས་གཞི་བཏོན།
མཉམ་འབྲེལ་གྱིས་བཏོན་པའི་གྲོས་གཞི་ལས་བསྟན་དོན། ནུབ་བྱང་ས་ཁུལ་གྱི་ས་རྒྱ་ཁོད་ཡངས་ཤིང་། རིགས་སྣ་ཚོགས་ཀྱི་ནུས་ཁུངས་ཐོན་ཁུངས་ཕུན་སུམ་ཚོགས་པ་ཡོད་ལ། རང་རྒྱལ་གྱི་ནུས་ཁུངས་མཁོ་འདོན་འགན་སྲུང་གི་རྟེན་གཞི་གལ་ཆེན་ཞིག་ཡིན། ཉེ་བའི་ལོ་འགའི་རིང་ལ། ནུབ་བྱང་གི་ཞིང་ཆེན་དང་རང་སྐྱོང་ལྗོངས་ལྔ་ཡིས་ནུས་ཁུངས་ཀྱི་ཁྱད་སྟོབས་ལ་རྐང་བཙུགས་ནས་ནུས་ཁུངས་ཁྱབ་ཁོངས་སུ་མགྱོགས་མྱུར་འཕེལ་རྒྱས་མངོན་འགྱུར་བྱེད་པར་སྐུལ་འདེད་བཏང་། ཉིས་སྟོང་ཉེར་གཉིས་ལོའི་ལོ་མཇུག་བར་དུ། ནུབ་བྱང་ས་ཁུལ་གྱི་གློག་ཤུགས་སྤྱིའི་སྒྲིག་སྦྱོར་གྱི་ཚད་སྟོང་ཝ་དུང་ཕྱུར་གསུམ་དང་བྱེ་བ་བདུན་ས་ཡ་བརྒྱད་ལ་བསླེབས་པ་དང་། རྒྱལ་ཡོངས་ཀྱི་སྤྱིའི་གློག་འདོན་ཚད་ཀྱི་བརྒྱ་ཆའི་བཅུ་བཞི་དང་གྲངས་ཆུང་བདུན་བཞི་ཟིན་ཡོད། དེའི་ནང་ནུས་ཁུངས་གསར་བའི་གློག་འདོན་གྱི་ཚད་སྟོང་ཝ་དུང་ཕྱུར་གཅིག་དང་བྱེ་བ་བདུན་ས་ཡ་ལྔར་བསླེབས་ཡོད་ལ། ནུབ་བྱང་ས་ཁུལ་གྱི་སྤྱིའི་གློག་འདོན་ཚད་ཀྱི་བརྒྱ་ཆའི་ཞེ་དྲུག་དང་གྲངས་ཆུང་གསུམ་ཟིན་ཡོད། ཡིན་ཡང་ནུབ་བྱང་ས་ཁུལ་གྱི་ནུས་ཁུངས་ལྷད་མེད་ཐཱན་ཉུང་སྤོ་སྒྱུར་གྱི་འཕེལ་རྒྱས་ལ་ཚོད་འཛིན་བྱེད་པའི་རྒྱུ་རྐྱེན་ཡང་གནས་ཡོད་ཟེར།
གྲོས་འདོན་ལས་ཆུ་གསོག་གློག་འདོན་དང་མེ་གློག་སོགས་སྙོམས་སྒྲིག་རང་བཞིན་གྱི་གཞོགས་འདེགས་གློག་ཁུངས་ཀྱི་འཆར་འགོད་བཀོད་སྒྲིག་དང་རྣམ་གྲངས་ལག་བསྟར་ལ་གཞོལ་ནས། མཚོ་སྔོན་གྱིས་རྒྱལ་ཁབ་ཀྱི་དག་གཙང་ནུས་ཁུངས་ཐོན་ལས་མཐོ་ས་གསར་འཛུགས་བྱེད་པར་རྒྱབ་སྐྱོར་བྱ་རྒྱུ་དང་། ནུབ་བྱང་གི་ཞིང་ལྗོངས་ལྔའི་ཆུ་གློག་དང་མེ་གློག རང་བྱུང་སོལ་རླངས་ལས་གློག་འདོན་པ་སོགས་ཀྱི་རྣམ་གྲངས་དག་རྒྱལ་ཁབ་ཀྱི་འཆར་འགོད་ནང་བཞག་སྟེ་རྒྱབ་སྐྱོར་བྱས་ཏེ། རྨ་ཆུའི་ཧེ་ཧྲན་འགག་ཆུ་བེད་ལྟེ་གནས་ཀྱི་བཟོ་སྐྲུན་འཛུགས་སྐྲུན་ལ་མྱུར་མོར་སྐུལ་འདེད་གཏོང་རྒྱུ། སྟེང་གི་ཇུས་འགོད་དང་སྲིད་ཇུས་ཀྱི་རྒྱབ་སྐྱོར་ལ་ཤུགས་སྣོན་པ་དང་། རྒྱལ་སྤྱིའི་ཚོང་རའི་བར་སྦྲེལ་མཐུད་བྱེད་པ། ནུས་ཁུངས་གསར་བའི་ཐོན་ལས་ཀྱི་ཚད་ལྡན་ཚད་གཞི་འཛུགས་པ། ཧུར་ཐག་སྒོས་དག་གཙང་ནུས་ཁུངས་ཀྱི་ཤེས་བྱའི་བདག་དབང་སྲུང་སྐྱོབ་ལ་སྐུལ་འདེད་བཏང་སྟེ། ནུས་ཁུངས་གསར་བའི་ཐོན་ལས་ཀྱི་རྒྱལ་སྤྱི་ཅན་གྱི་འཕེལ་རྒྱས་ལ་རོགས་འདེགས་བྱ་རྒྱུ། ནུབ་བྱང་གི་ཞིང་ལྗོངས་ལྔས་གློག་དྲའི་སྒྲོམ་གཞི་འཐུས་ཚང་དུ་གཏོང་བར་རྒྱབ་སྐྱོར་བྱེད་པ་དང་། ཞིང་ལྗོངས་ལྔའི་ནུས་ཁུངས་གསར་བའི་གསར་སྤེལ་དང་ཐེག་ནུས་ཁ་སྣོན་གྱི་དགོས་མཁོ་བསྐང་བའི་གློག་དྲའི་རྣམ་གྲངས་དེ་རྒྱལ་ཁབ་འཆར་འགོད་ནང་བཞག་ནས་རྒྱབ་སྐྱོར་བྱ་རྒྱུ་དང་། ཞིང་ལྗོངས་ལྔའི་བར་གྱི་མཉམ་འབྲེལ་རོགས་རེས་ཀྱི་གློག་དྲ་གཙོ་བོའི་རྣམ་གྲངས་སྔོན་ལ་བཀོད་སྒྲིག་དང་འཛུགས་སྐྲུན་བྱ་རྒྱུ། ནུབ་བྱང་ས་ཁུལ་ལ་གོང་བདེའི་ལྷད་མེད་གློག་ཤུགས་བརྗེ་རེས་སྲིད་ཇུས་དང་བཟོ་ལས་ཁྱབ་ཁོངས་ཀྱི་ལྷད་མེད་ནུས་ཁུངས་ཀྱི་འཛད་སྤྱོད་རྒྱབ་སྐྱོར་སྲིད་ཇུས་ལག་བསྟར་བྱེད་པ་དང་། སྣ་མང་ཅན་གྱི་འཛད་སྤྱོད་རྐྱེན་སྲོལ་བཙུགས་ནས་ནུབ་བྱང་གི་ལྷད་མེད་ནུས་ཁུངས་བེད་སྤྱོད་ཀྱི་དཔེ་སྟོན་ས་ཁུལ་འཛུགས་པར་རྒྱབ་སྐྱོར་བྱ་རྒྱུའི་གྲོས་གཞི་བཏོན།