འཐུས་མི་པུས་ཧྲིན་ལུང་དང་མཱ་ཧྲི་ཀུང་གཉིས་ཀྱིས་མཚོ་སྔོན་ཞིང་ཆེན་གྱི་རོང་འབྲོག་ཕྱོགས་ཀྱི་འཚོ་བའི་བཙོག་ཆུ་གཙང་སྒྱུར་ལ་རྒྱབ་སྐྱོར་བྱེད་ཤུགས་ཇེ་ཆེར་གཏོང་རྒྱུའི་གྲོས་གཞི་བཏོན་པ།
རོང་འབྲོག་ཕྱོགས་ཀྱི་འཚོ་བའི་བཙོག་ཆུ་བཅོས་སྒྱུར་བྱེད་རྒྱུ་ནི་མཛེས་སྡུག་གི་གྲོང་གསེབ་འཛུགས་སྐྲུན་དང་འཚོ་སྡོད་ཁོར་ཡུག་ལེགས་སྒྱུར་བྱེད་པའི་ནང་དོན་གལ་ཆེན་ཞིག་ཡིན་ཞིང་། མཚོ་སྔོན་ཞིང་ཆེན་རོང་འབྲོག་ཕྱོགས་ཀྱི་འཚོ་བའི་བཙོག་ཆུ་གཙང་སྒྱུར་ཐད་ཉེ་བའི་ལོ་འགའི་རིང་ལ་གྲུབ་འབྲས་བཟང་བོ་བླངས་ཡོད་པ་དང་། གནས་པའི་གནད་དོན་ལའང་མཐོང་ཆེན་བྱེད་དགོས་ཡོད། རང་ཞིང་གི་རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི་པུས་ཧྲིན་ལུང་དང་མཱ་ཧྲི་ཀུང་གཉིས་ཀྱིས་མཚོ་སྔོན་ཞིང་ཆེན་གྱི་རོང་འབྲོག་ཕྱོགས་ཀྱི་འཚོ་བའི་བཙོག་ཆུ་གཙང་སྒྱུར་ལ་རྒྱབ་སྐྱོར་བྱེད་ཤུགས་ཇེ་ཆེར་གཏོང་རྒྱུའི་གྲོས་གཞི་བཏོན།
གྲོས་གཞིའི་ནང་བཤད་རྒྱུར། རྒྱལ་ཁབ་རིམ་པ་ནས་སྟེང་གི་བཀོད་པར་ཤུགས་སྣོན་པ་དང་། སྔར་ཡོད་ཀྱི་སྲིད་ཇུས་རྨང་གཞིའི་སྟེང་། སྔར་ལས་ལྷག་པའི་སྒོ་ནས་ཞིང་སྡེའི་འཚོ་བའི་བཙོག་ཆུ་གཙང་སྒྱུར་བྱ་བར་གཅིག་འདོམས་བྱེད་པ་དང་། མཛེས་པའི་གྲོང་གསེབ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་ཁྲོད། གཅིག་གྱུར་ཚད་གཞི་སྤྱོད་པ་དང་གཅིག་གྱུར་སྐུལ་འདེད་གཏོང་བ། གཅིག་གྱུར་དོ་དམ་རོགས་ལས་རྐྱེན་སྲོལ་བཙུགས་ནས། རྫོང་ཧྲིལ་བོ་ནས་རྫོང་ཁོངས་ཡོངས་ཀྱི་གྲོང་སྡེའི་ཆུ་འདོན་དང་འཚོ་བའི་བཙོག་ཆུ་གཙང་སྒྱུར། གཞུང་ལམ་འཛུགས་སྐྲུན་སོགས་ལ་སྐུལ་འདེད་གཏོང་བ་དང་གཞི་གཅིག་འཆར་འགོད་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས་ཚད་ཡོད་པའི་ཞིང་སྡེའི་མ་དངུལ་གྱི་ཕན་ནུས་འདོན་སྤེལ་གང་ལེགས་བྱེད་དགོས། མུ་མཐུད་དུ་མཚོ་སྔོན་གྱི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་གྱི་མ་དངུལ་གཏོང་ཚད་དང་རྒྱབ་སྐྱོར་ཤུགས་ཚད་ཇེ་ཆེར་བཏང་སྟེ། ཀྲུང་དབྱང་ཞིང་སྡེའི་ཁོར་ཡུག་ལེགས་སྒྱུར་མ་དངུལ་ཇེ་ཉུང་དུ་གཏོང་བའི་ས་གནས་ཀྱི་དམིགས་བསལ་སྲིད་ཇུས་ལག་བསྟར་བྱས་ནས། མཚོ་སྔོན་གྱིས་རོང་འབྲོག་ཕྱོགས་ཀྱི་འཚོ་བའི་བཙོག་ཆུ་གཙང་སྒྱུར་བྱེད་པའི་སྒྲིག་ཆས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བར་རོགས་འདེགས་བྱེད་པ་དང་། ལོ་ལྔའི་འཆར་འགོད་བཅུ་བཞི་པའི་བཙོག་ཆུའི་བཅོས་སྐྱོང་དམིགས་འབེན་ལས་འགན་བདེ་བླག་ངང་ཡོངས་འགྲུབ་བྱེད་དུ་འཇུག་དགོས།
མདོ་དབུས་མཐོ་སྒང་གི་རོང་འབྲོག་ཁུལ་གྱི་འཚོ་བའི་བཙོག་ཆུའི་ཕྱིར་གཏོང་ཁྱད་ཆོས་དང་ནམ་ཟླའི་ཁྱད་ཆོས་ལ་དམིགས་ཏེ། ལག་རྩལ་རོགས་སྐྱོར་ལ་ཤུགས་སྣོན་པ་དང་། མཚོ་སྔོན་གྱིས་མྱུར་མོར་མཐོ་སྒང་གི་རོང་འབྲོག་ཁུལ་གྱི་འཚོ་བའི་བཙོག་ཆུ་གཙང་སྒྱུར་ལག་རྩལ་ཐད་ཀྱི་གནད་འགག་གི་དཀའ་ཁག་ཐག་གཅོད་བྱེད་དགོས་ལ། ས་གནས་ཅན་གྱི་ཐག་གཅོད་རྣམ་པ་གྲུབ་འབྲས་བྱས་ནས། སྤུས་ཚད་མཐོ་བའི་སྒོ་ནས་ཞིང་སྡེའི་ཁོར་ཡུག་ལེགས་སྒྱུར་ལ་སྐུལ་འདེད་གཏང་དགོས་ཟེར།