མཚོ་སྔོན་འཐུས་ཚབ་ཚོགས་པས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྩ་འཛུགས་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན་ལ་གྲོས་ཞིབ་བྱས་པ།
ཟླ3པའི་ཚེས7ཉིན། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པར་ཞུགས་པའི་མཚོ་སྔོན་འཐུས་ཚབ་ཚོགས་པས་ཚང་འཛོམས་གྲོས་ཚོགས་བསྡུས་ཏེ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྩ་འཛུགས་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན་ལ་གྲོས་ཞིབ་བྱས། ཁྲིན་ཀང་གིས་གཏམ་བཤད་པ་དང་ཝུའུ་ཞའོ་ཅུན་གྱིས་འགོ་འཛིན་བྱས་ལ། ཝང་ལིས་མེན་གྱིས་གཏམ་བཤད།
འཐུས་མི་ཁྲིན་ཀང་གིས་བསྟན་དོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྩ་འཛུགས་བཅའ་ཁྲིམས་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྩ་འཛུགས་ལམ་ལུགས་དང་བྱ་བའི་ལམ་ལུགས་སྐོར་གྱི་གཞི་རྩའི་བཅའ་ཁྲིམས་ཡིན། ཐེངས་འདིའི་བཟོ་བཅོས་ཁྲོད་ཆབ་སྲིད་ཀྱི་ཁྲིད་ཕྱོགས་འབུར་དུ་ཐོན་པར་བྱས་པ་དང་ཏང་གི་འགོ་ཁྲིད་ཤུགས་དྲག་ཏུ་བཏང་སྟེ། ཏང་ཀྲུང་དབྱང་གི་ཏང་དང་རྒྱལ་ཁབ་ལས་ཁུངས་ཀྱི་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བའི་ཇུས་ཆོད་བཀོད་སྒྲིག་གལ་ཆེན་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཡོད། དུས་རབས་ཀྱི་ཁྱད་ཆོས་འབུར་དུ་ཐོན་པར་བྱས་པ་དང་འགན་ནུས་འགན་འཁྲི་ཤུགས་དྲག་ཏུ་བཏང་སྟེ། དབང་བཀོལ་འགན་སྒྲུབ་ཐད་སྔར་ལས་འགན་སྲུང་ཡོད་པ་དང་སྔར་ལས་ཚན་རིག་དང་མཐུན་པ། སྔར་ལས་ཕན་འབྲས་དང་ལྡན་པར་ཁག་ཐེག་བྱས་ཡོད། མི་དམངས་ཀྱི་ལངས་ཕྱོགས་འབུར་དུ་ཐོན་པར་བྱས་པ་དང་དམངས་ཚིས་འགན་སྲུང་ཇེ་དྲག་ཏུ་བཏང་ཡོད་པ་ནི། བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་གཞི་རྩའི་བསྲུང་བྱ་དང་གོ་རིམ་ཧྲིལ་བོའི་མི་དམངས་དམངས་གཙོ་ལག་ལེན་དུ་བསྟར་བའི་འདུ་ཤེས་གལ་ཆེན་གཉིས་ཕན་ནུས་ལྡན་པར་གཅིག་གྱུར་བྱས་པ་ཡིན་པ་དང་། ཁྲིམས་སྐྱོང་འཛུགས་སྐྲུན་འབུར་དུ་ཐོན་པར་བྱས་པ་དང་ཁྲིམས་ལྟར་སྲིད་སྐྱོང་བ་ཤུགས་དྲག་ཏུ་བཏང་བ་ནི། རྩ་ཁྲིམས་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ་དང་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྲུན་བྱེད་པའི་དངོས་ཡོད་ཀྱི་དགོས་མཁོ་ཡིན་ལ། བཅོས་སྒྱུར་ཁ་ཕྱོགས་འབུར་དུ་ཐོན་པར་བྱས་པ་དང་ལས་ཁུངས་བཅོས་སྒྱུར་གཏིང་ཟབ་ཏུ་བཏང་བ་ནི། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་བསྒྱུར་བར་སྐུལ་འདེད་གཏོང་བའི་གནད་འགག་གི་བྱེད་ཐབས་ཡིན་པས། དེར་ཡོངས་སུ་འཐད་པ་ཡིན། བཅའ་ཁྲིམས་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་རྗེས། མཚོ་སྔོན་གྱིས་རྩ་འཛུགས་ནན་མོ་བྱས་ནས་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་བྱ་རྒྱུ་ཡིན་ལ། ཞིང་ཆེན་རང་གི་ལས་ཁུངས་བཅོས་སྒྱུར་སྐོར་གྱི་བྱ་བ་ཁག་ཏན་ཏིག་སྒོས་བསྒྲུབ་ནས་ཁྲིམས་ལྟར་ཞིང་ཆེན་སྐྱོང་བ་དང་ཁྲིམས་ལྟར་སྲིད་འཛིན་པ། ཁྲིམས་ལྟར་སྲིད་སྐྱོང་བར་མཉམ་དུ་སྐུལ་འདེད་བཏང་ནས་སྤུས་ཚད་མཐོ་བའི་ཁྲིམས་སྐྱོང་མཚོ་སྔོན་འཛུགས་སྐྲུན་བྱེད་པར་སྐུལ་འདེད་ཏན་ཏིག་གཏོང་རྒྱུ་ཡིན་ཟེར
འཐུས་མི་ཝང་ལིས་མེན་གྱིས་བཤད་རྒྱུར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྩ་འཛུགས་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན་གྱི་ནང་དོན་ཁ་ཚང་ལ། མ་ལག་ཚན་རིག་དང་མཐུན་པས་ཡོངས་སུ་འཐད་པ་ཡིན། དེར་ཁྱད་ཆོས་བཞི་ཡོད་དེ། གཅིག་ནི་ཏང་གི་འགོ་ཁྲིད་དང་ཆབ་སྲིད་ཀྱི་ཁ་ཕྱོགས་ཡང་དག་རྒྱུན་འཁྱོངས་བྱས་ཡོད། ཁྲིམས་ལུགས་ཀྱི་དཔལ་ཡོན་ཚད་གཞིར་བརྟེན་ནས་ཏང་ཀྲུང་དབྱང་གི་དབང་ཟིལ་དང་གཅིག་བསྡུས་གཅིག་གྱུར་གྱི་འགོ་ཁྲིད་ལ་སྲུང་སྐྱོབ་བྱས་ནས་ཏང་གི་འདུ་ཤེས་རྒྱལ་ཁབ་ཀྱི་བྱ་བའི་ཁྲོད་ཕྱོགས་ཡོངས་ནས་ལག་བསྟར་དང་དོན་འཁྱོལ་ནུས་ལྡན་བྱེད་པར་འགན་སྲུང་སྟོབས་ལྡན་ལྡན་པ་བྱས་ཡོད། གཉིས་ནི་རྩ་ཁྲིམས་ལྟར་རྒྱལ་ཁབ་བཅོས་སྐྱོང་བྱེད་པའི་རྒྱུན་བསྐྱངས་ཏེ། རྩ་ཁྲིམས་ཀྱི་དབང་ཟིལ་ལ་སྲུང་སྐྱོབ་བྱས་ཡོད། རྩ་ཁྲིམས་ཀྱི་དགོངས་དོན་དང་རྩ་ཁྲིམས་ཀྱི་རྩ་དོན། རྩ་ཁྲིམས་ཀྱི་གཏན་ཁེལ་བཅས་ལག་བསྟར་ནན་མོ་བྱས་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྩ་ཁྲིམས་ལྟར་འགན་སྒྲུབ་དབང་ཆ་སྤྱོད་པར་འགན་སྲུང་ནུས་ལྡན་བྱས་ཡོད། གསུམ་ནས་བཅོས་སྒྱུར་གསར་གཏོད་གཙིགས་སུ་བཟུང་ནས་རང་ངོས་འཛུགས་སྐྲུན་ཚད་ལྡན་དུ་བཏང་ཡོད། ཏང་དང་རྒྱལ་ཁབ་ཀྱི་ལས་ཁུངས་བཅོས་སྒྱུར་ཐད་ཀྱི་ཉམས་མྱོང་རྩ་ཆེན་དང་གྲུབ་འབྲས་གལ་ཆེན་མ་ལག་རང་བཞིན་གྱིས་སྤྱི་སྡོམ་བྱས་པ་དང་སྲ་བརྟན་དུ་བཏང་ནས་སྒྲིག་སྲོལ་ཁག་གི་གྲུབ་འབྲས་དང་ལག་ལེན་ཁྲོད་ཀྱི་སྒྲུབ་སྟངས་དེ་ཁྲིམས་ལུགས་ཀྱི་རྣམ་པས་གཏན་ཁེལ་བྱས་ཡོད། བཞི་ནི་ལམ་ལུགས་ཀྱི་ཇུས་འགོད་འཐུས་ཚང་དུ་བཏང་ནས་དངོས་གཉེར་ཕན་མཐོར་འགན་སྲུང་བྱས་ཡོད། འབྲེལ་ཡོད་ཁྲིམས་ལུགས་དང་སྲིད་འཛིན་ཁྲིམས་སྲོལ་ཁྲོད་ཀྱི་ནུས་ལྡན་གྱི་བྱེད་ཐབས་གལ་ཆེན་བཟོ་བཅོས་འཆར་ཟིན་ཁྲོད་མངོན་པར་བྱས་ནས་ཁྲིམས་འཛུགས་ཀྱི་ཁ་གཏད་རང་བཞིན་དང་ཕན་འབྲས་རང་བཞིན། ཆོག་འཐུས་རང་བཞིན་བཅས་ཇེ་དྲག་ཏུ་བཏང་ཡོད། གྲོས་འཆམ་བྱུང་རྗེས་ནན་ཏན་གྱིས་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་བྱ་རྒྱུ་ཡིན་ཟེར།
འཐུས་མི་ཅང་ཀྲི་ཀང་དང་མཱ་ཧྥུའུ་ཁྲང་། ཝང་ཧྭ་ཅེ། ཆའོ་ཡ་ཆུན། ཝང་གོ་ཏུང་། བསོད་ནམས་བསྟན་འཛིན། ཏུང་ཆོན་མིན། རིན་ཆེན་བཀྲ་ཤིས། ཞུའུ་ཆིན་མེན་བཅས་ཀྱིས་གཏམ་བཤད།