མདུན་ངོས། བློ་སྟོན་ཁྲིམས་ཁང་། བཅའ་ཁྲིམས་རྒྱུན་ཤེས། གངས་ལྗོངས་ཁྲིམས་ར། དཔེ་མཚོན་གྱོད་དཔེ། རྩོམ་རིག བརྙན་ཟློས།

ཞི་ཅིན་ཕིང་བཅིངས་འགྲོལ་དམག་སོགས་ཀྱི་འཐུས་ཚབ་ཚོགས་པར་ཞུགས་པ།

  2024-03-11 15:56:48 

ཞི་ཅིན་ཕིང་བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དམག་དཔུང་གི་འཐུས་ཚབ་ཚོགས་པའི་ཚང་འཛོམས་གྲོས་ཚོགས་ལ་ཞུགས་ནས་གསུང་བཤད་གལ་ཆེན་གནང་བ།

ཟླ3པའི་ཚེས7ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པའི་བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དམག་དཔུང་གི་འཐུས་ཚབ་ཚོགས་པའི་ཚང་འཛོམས་གྲོས་ཚོགས་ལ་ཞུགས་སྐབས། གསར་དར་ཁྱབ་ཁོངས་ཀྱི་འཐབ་ཇུས་ནུས་པ་ནི་རྒྱལ་ཁབ་ཀྱི་འཐབ་ཇུས་མ་ལག་དང་ནུས་ཤུགས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པས། རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་གཏོང་བ་དང་འབྲེལ་བ་ཡོད་ཅིང་། རྒྱལ་ཁབ་ཀྱི་བདེ་འཇགས་དང་དམག་དོན་འཐབ་རྩོད་ཀྱི་རང་འགུལ་དང་འབྲེལ་བ་ཡོད་པས། འགན་འཁྲིའི་འདུ་ཤེས་ཇེ་ཆེར་གཏོང་བ་དང་བཅོས་སྒྱུར་གསར་གཏོད་ཟབ་སྤེལ་བྱེད་པ། གསར་དར་ཁྱབ་ཁོངས་ཀྱི་འཐབ་ཇུས་ནུས་པ་ཁྱོན་ཡོངས་ནས་ཇེ་ཆེར་གཏོང་བ་བཅས་བྱེད་དགོས་ཞེས་ནན་གྱིས་གསུངས།

གྲོས་ཚོགས་སྟེང་མཚོ་དམག་གི་འཐུས་མི་ཨའེ་དབྱིན་ཁྲུན་དང་འཐབ་ཇུས་རོགས་སྐྱོར་དམག་དཔུང་གི་འཐུས་མི་ཝུའུ་ཧྲིན་ཡན། ལྷོ་རྒྱུད་འཐབ་ཁུལ་གྱི་འཐུས་མི་ཆའོ་ཧྲ་ཧྲ། འཐབ་ཇུས་རོགས་སྐྱོར་དམག་དཔུང་གི་འཐུས་མི་ཧི་ཡུས་ཧྥན། དམག་དོན་ཚན་རིག་གླིང་གི་འཐུས་མི་ཡའོ་ཏང་ནའེ། སྐམ་དམག་གི་འཐུས་མི་ཀྲིན་ཅིན་བཅས་ཀྱིས་རིམ་པ་བཞིན་གཏམ་བཤད་དེ། རྒྱ་མཚོའི་གནས་སྟངས་ཤེས་ཚོར་ནུས་པ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། དྲ་རྒྱའི་བར་སྟོང་གི་མགོག་སྲུང་ནུས་པ་ཇེ་ཆེར་གཏོང་བ། མིས་བཟོས་རིག་ནུས་བཀོལ་སྤྱོད་ལ་སྐུལ་འདེད་གཏོང་བ། བར་སྣང་ཐོན་ཁུངས་གཅིག་འདོམས་དོ་དམ་དང་བེད་སྤྱོད་ལ་ཤུགས་སྣོན་པ། གསར་དར་ཁྱབ་ཁོངས་ཀྱི་ཚད་ལྡན་སྤྱི་སྤྱོད་ཅན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། མི་མེད་དམག་འཐབ་ཀྱི་སྟོབས་ཤུགས་གསར་འཛུགས་དང་བེད་སྤྱོད་ལ་ཤུགས་སྣོན་པ་སོགས་ཀྱི་གནད་དོན་ཐད་ནས་བསམ་འཆར་དང་གྲོས་གཞི་བཏོན།

ཞི་ཅིན་ཕིང་གིས་འཐུས་མི་ཚོའི་གཏམ་བཤད་ལ་ནན་ཏན་ངང་གསན་ནས་མཚམས་མཚམས་སུ་ཁོ་ཚོ་དང་མཉམ་དུ་དགོངས་འཆར་བརྗེ་རེས་གནང་། འཐུས་མི་དྲུག་གིས་གཏམ་བཤད་རྗེས། ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་ནས། གསར་དར་ཁྱབ་ཁོངས་ཀྱི་འཐབ་ཇུས་ནུས་པ་ཇེ་ཆེར་གཏོང་རྒྱུ་གཙོ་གནད་དུ་འཛིན་དགོས་པའི་ཐད་ནས་བླང་བྱ་བཏོན། ཁོང་གིས་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ། ང་ཚོས་འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་དང་དམག་འཐབ་སྟོབས་ཤུགས་གསར་པའི་འཕེལ་རྒྱས་ལ་སྤྱི་འདོམས་ཀྱིས་སྐུལ་འདེད་བཏང་བར་གྲུབ་འབྲས་གལ་ཆེན་རབ་དང་རིམ་པ་ཐོབ་ཡོད། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་འཚོགས་པའི་ཚུན་ལ། ཏང་ཀྲུང་དབྱང་གིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཁྱོན་ཡོངས་ལ་དམ་པོར་དམིགས་ཏེ། ཐོན་སྐྱེད་ནུས་ཤུགས་གསར་མ་མྱུར་དུ་འཕེལ་རྒྱས་གཏོང་བའི་སྐོར་ནས་བླང་བྱ་ཁ་གསལ་བཏོན་ཡོད་ཅིང་། དེས་གསར་དར་ཁྱབ་ཁོངས་ཀྱི་འཐབ་ཇུས་ནུས་ཤུགས་འཛུགས་སྐྲུན་ལ་ཐོབ་དཀའ་བའི་གོ་སྐབས་འདོན་སྤྲོད་བྱས་ཡོད། བབ་བསྟུན་འཕྲལ་སྒྲུབ་དང་གསར་དར་ཁྱབ་ཁོངས་ཀྱི་འཕེལ་རྒྱས་ཀྱི་ཁྱད་ཆོས་དང་ཆོས་ཉིད་ལ་སྟངས་འཛིན་བྱས་ཏེ། ཐོན་སྐྱེད་ནུས་ཤུགས་གསར་མ་ལ་སྐུལ་འདེད་གཏོང་རྒྱུ་དེ་དམག་འཐབ་ནུས་པ་གསར་པ་དང་ཕན་འབྲས་ཆེ་བའི་སྒོ་ནས་མཉམ་འདྲེས་ཡོང་བར་བྱེད་རྒྱུ་དང་ཕྱོགས་གཉིས་ཀའི་སྐུལ་སྤེལ་ལ་སྐུལ་འདེད་གཏོང་དགོས་ཞེས་གསུངས།

ཞི་ཅིན་ཕིང་གིས་འཕེལ་རྒྱས་ཀྱི་གཙོ་གནད་འབུར་ཐོན་ཡོང་བར་བྱས་ནས། གསར་དར་ཁྱབ་ཁོངས་ཀྱི་འཐབ་ཇུས་ནུས་པ་འཛུགས་སྐྲུན་སྐོར་གྱི་འབྲེལ་ཡོད་འཐབ་ཇུས་དང་འཆར་མགོད་དོན་འཁྱོལ་བྱ་རྒྱུ་དམ་འཛིན་ཡག་པོ་བྱེད་དགོས། མཚོ་ཐོག་གི་དམག་དོན་འཐབ་རྩོད་གྲ་སྒྲིག་དང་རྒྱ་མཚོའི་ཁེ་དབང་སྲུང་སྐྱོབ། རྒྱ་མཚོའི་དཔལ་འབྱོར་འཕེལ་རྒྱས་བཅས་ལ་གཅིག་གྱུར་གྱིས་འཆར་མགོད་བྱས་ཏེ། རྒྱ་མཚོའི་དཔལ་འབྱོར་གྱི་ནུས་པ་སྔར་ལས་ཇེ་ཆེར་གཏོང་དགོས། མཁའ་སྐྱོད་ཀྱི་བཀོད་པ་སྔར་ལས་ཇེ་ལེགས་སུ་གཏོང་བ་དང་རང་རྒྱལ་གྱི་མཁའ་སྐྱོད་མ་ལག་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས། དྲ་རྒྱའི་བར་སྟོང་གི་མགོག་སྲུང་མ་ལག་བཙུགས་ནས། རྒྱལ་ཁབ་ཀྱི་དྲ་རྒྱའི་བདེ་འཇགས་སྲུང་སྐྱོབ་ནུས་པ་སྔར་ལས་ཇེ་ཆེར་གཏོང་དགོས། རིག་ནུས་ཚན་རྩལ་གྱི་ལས་གཞི་གལ་ཆེན་གཅིག་གྱུར་འཆར་མགོད་ལག་བསྟར་བྱ་རྒྱུར་ཤུགས་བསྣན་ནས། སྔོན་ཐོན་གྲུབ་འབྲས་བཀོལ་སྤྱོད་བྱེད་ཤུགས་ཇེ་ཆེར་གཏོང་དགོས་ཞེས་ནན་གྱིས་གསུངས།

ཞི་ཅིན་ཕིང་གིས་གསར་དར་ཁྱབ་ཁོངས་ཀྱི་འཕེལ་རྒྱས་དེ་རྩ་བའི་ཆ་ནས་བཤད་ན་ཚན་རྩལ་གསར་གཏོད་དང་བེད་སྤྱོད་ལས་བྱུང་བ་ཞིག་ཡིན། གསར་གཏོད་ཀྱི་གདེང་ཚོད་ཇེ་ཆེར་གཏོང་བ་དང་རང་ཉིད་གཙོ་བོར་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཏེ། དོན་དངོས་ནས་མགོ་རྩོམ་རྒྱུ་དང་རང་བརྟེན་གསར་གཏོད་དང་གདོད་མའི་གསར་གཏོད་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས། ཐོན་སྐྱེད་ནུས་ཤུགས་གསར་མ་དང་དམག་འཐབ་ནུས་པ་གསར་པའི་འཕར་གཞི་གསར་པ་བསྐྲུན་དགོས། གསར་དར་ཁྱབ་ཁོངས་ཀྱི་སྣོལ་སྡེབ་མཉམ་འདྲེས་འཕེལ་རྒྱས་ཀྱི་ཁྱད་ཆོས་ཁོང་དུ་ཆུད་པར་བྱས་ནས། འདུས་གྲུབ་གསར་གཏོད་དང་ཕྱོགས་བསྡུས་བཀོལ་སྤྱོད་ལ་ཤུགས་བསྣན་ཏེ། སྣེ་མང་མཁྲེགས་གཏོར་དང་ཚོགས་སྤྱིའི་གསོན་ཉམས་ཅན་གྱི་རྣམ་པ་གྲུབ་པར་སྐུལ་འདེད་གཏོང་དགོས་ཞེས་གསུངས།

ཞི་ཅིན་ཕིང་གིས་གསར་དར་ཁྱབ་ཁོངས་ཀྱི་བཅོས་སྒྱུར་ལས་དོན་འདི་ཉིད། ཁྱོན་ཡོངས་ནས་བཅོས་སྒྱུར་ཟབ་སྤེལ་གྱི་གཙོ་གནད་ཅིག་ཏུ་བརྩིས་ནས་འབུར་ཐོན་ཡོང་བར་བྱེད་རྒྱུ་དང་།  རང་ཉིད་གཙོ་བོར་འཛིན་པ་དང་སྒོ་འབྱེད་མཉམ་འདྲེས། གསོན་ཤུགས་ཀྱིས་ཁེངས་པ་བཅས་ཀྱི་གསར་གཏོད་སྐྱེ་ཁམས་བསྐྲུན་ནས། གསར་དར་ཁྱབ་ཁོངས་ཀྱི་འཐབ་ཇུས་ནུས་པ་འཛུགས་སྐྲུན་ལ་སྔར་ལས་སྐུལ་འདེད་གཏོང་དགོས། དགོས་མཁོ་འབྲེལ་མཐུད་དང་འཆར་མགོད་སྦྲེལ་མཐུད། ཐོན་ཁུངས་མཉམ་སྤྱོད་སོགས་ཐད་ཀྱི་ལམ་ལུགས་དང་རྐྱེན་སྲོལ་སྔར་ལས་འཐུས་ཚང་དུ་བཏང་ནས། ཚད་ལྡན་རྒྱུན་སྤྱོད་ཅན་གྱི་བགྲོད་ལམ་སྟེང་ཡག་པོར་བསྐྱོད་དེ། གསར་དར་ཁྱབ་ཁོངས་ཀྱི་འཕེལ་རྒྱས་སྤྱིའི་ཕན་འབྲས་ཇེ་ཆེར་གཏོང་དགོས། དམག་འཐབ་ནུས་པ་གསར་པའི་མཁོ་སྤྲོད་བྱེད་ནུས་ཇེ་ཆེར་གཏོང་རྒྱུ་ཁྲིད་སྟོན་དུ་བཟུང་ནས། རྒྱལ་སྲུང་ཚན་རྩལ་བཟོ་ལས་ཀྱི་སྒྲིག་སྲོལ་བཅོས་སྒྱུར་ཟབ་སྤེལ་དང་རྒྱལ་སྲུང་ཚན་རྩལ་བཟོ་ལས་ཀྱི་བཀོད་པ་ཇེ་ལེགས་སུ་གཏོང་བ། སྔོན་ཐོན་ལག་རྩལ་མྱུར་དུ་དང་ལེན་བྱེད་པ་དང་མགྱོགས་མྱུར་ཚུལ་སྒྱུར་གྱི་ལམ་སྲོལ་སྔར་ལས་འཐུས་ཚང་དུ་གཏོང་བ། གསར་དར་ཁྱབ་ཁོངས་ཀྱི་འཕེལ་རྒྱས་དང་འཚམ་པའི་གསར་གཏོད་ཕྲེང་འབྲེལ་དང་ཐོན་ལས་ཕྲེང་འབྲེལ། རིན་ཐང་ཕྲེང་འབྲེལ་བཅས་བསྐྲུན་དགོས། བསམ་བློའི་འདུ་ཤེས་གསར་སྒྱུར་བྱས་ཏེ། བློ་སྤོབས་ཆེན་པོས་དམག་འཐབ་སྟོབས་ཤུགས་གསར་པ་འཛུགས་སྐྲུན་དང་བཀོལ་སྤྱོད་བྱེད་སྟངས་འཚོལ་ཞིབ་བྱས་ནས། དམག་འཐབ་ནུས་པ་གསར་པ་བཅིངས་འགྲོལ་དང་འཕེལ་རྒྱས་གང་ལེགས་གཏོང་དགོས་ཞེས་ནན་གྱིས་གསུངས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་ཀྲང་ཡིའུ་ཞ་ཡིས་ཚོགས་འདུར་མགོ་འཛིན་བྱས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་ཧི་ཝེ་ཏུང་དང་། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ལིའུ་ཀྲིན་ལིས་དང་ཀྲང་ཧྲིན་མེན་ཚོགས་འདུར་བཅས་ཚོགས་འདུར་ཞུགས།

རྩོམ་སྒྲིག་པ། ནམ་མཁའ་ཚེ་རིང་།