མདུན་ངོས། བློ་སྟོན་ཁྲིམས་ཁང་། བཅའ་ཁྲིམས་རྒྱུན་ཤེས། གངས་ལྗོངས་ཁྲིམས་ར། དཔེ་མཚོན་གྱོད་དཔེ། རྩོམ་རིག བརྙན་ཟློས།

རྒྱལ་ཡོངས་དམངས་ཆེན་སྐབས14པའི་གྲོས་ཚོགས་ཐེངས2པས་ཚང་འཛོམས་གྲོས་ཚོགས་ཐེངས2པ་བསྡུས།

  2024-03-11 15:56:48 

རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པས་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་བསྡུས།

ཟླ3པའི་ཚེས8ཉིན་གྱི་སྔ་དྲོར། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་བསྡུས་ནས། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ་དང་ཆེས་མཐོ་མི་དམངས་ཁྲིམས་ཁང་གི་བྱ་བའི་སྙན་ཞུ། ཆེས་མཐོ་མི་དམངས་ཞིབ་དཔྱོད་ཁང་གི་བྱ་བའི་སྙན་ཞུ་བཅས་ལ་གསན་ནས་གྲོས་ཞིབ་བྱས།

ཞི་ཅིན་ཕིང་དང་ལིས་ཆང་། ཝང་ཧུའུ་ཉིང་། ཚའེ་ཆི། ཏེན་ཞུའེ་ཞང་། ལིས་ཞི། ཧན་ཀྲིན་སོགས་ཚོགས་འདུར་ཞུགས།

རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་མངགས་བཅོལ་ལྟར་ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་ཚོགས་ཆེན་ལ་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ་ཕུལ། ཀྲའོ་ལི་ཅི་ཡིས་སྙན་ཞུའི་ནང2023ལོ་ནི་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་མགོ་བརྩམས་པའི་ལོ་ཡིན་པ་དང་། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཁྲིམས་ལྟར་འགན་འཁྲི་སྒྲུབ་པའི་ལོ་དང་པོའང་ཡིན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ཁྱོན་ཡོངས་ནས་སློབ་སྦྱོང་དང་ལག་བསྟར་བྱས་ཏེ། དུས་རབས་གསར་པ་དང་སྐྱོད་ལམ་གསར་པའི་སྟེང་དུ། དམངས་ཆེན་ལ་སྤྲད་པའི་ལས་འགན་ཁོང་དུ་ཡང་དག་པར་ཆུད་པར་བྱས་པ་དང་། འཕེལ་རྒྱས་ཀྱི་ཁ་ཕྱོགས་ཆེན་པོ་དང་དུས་རབས་ཀྱི་བླང་བྱར་རང་འགུལ་ངང་འཚམ་པར་བྱས་ལ། “གཏན་ཕབ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ཁོང་དུ་ཡང་དག་པར་ཆུད་པར་བྱས། དེ་མིན་ད་དུང“འདུ་ཤེས་བཞི”ཇེ་དྲག་ཏུ་བཏང་བ་དང“ཡིད་རྟོན་བཞི”ཇེ་བརྟན་དུ་བཏང་ལ། “སྲུང་སྐྱོང་གཉིས”སྒྲུབ་པ་བཅས་བྱས་ཏེ། དམངས་ཆེན་བྱ་བའི་ཁ་ཕྱོགས་ཆེན་མོ་དང་རྩ་དོན་ཆེན་པོ། གནས་ལུགས་ཆེན་པོ་བཅས་བརྟན་སྲུང་བྱས་ནས། དམངས་ཆེན་བྱ་བ་སྤུས་ཚད་མཐོན་པོས་འཕེལ་རྒྱས་ཡོང་བར་སྐུལ་འདེད་བཏང་ཡོད་ཅེས་གསུངས།

ཀྲའོ་ལི་ཅི་ཡིས་སྙན་ཞུའི་ནང་ལོ་གཅིག་གི་རིང་ལ།  བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགོ་ཁྲིད་བརྟན་པོའི་འོག་ཏུ། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཀྲུང་དབྱང་དམངས་ཆེན་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་མཐར་ཕྱིན་བྱས་ནས། ཏང་གི་འགོ་ཁྲིད་དང་མི་དམངས་ཀྱིས་རང་ཁྱིམ་རང་བདག ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་བཅས་གཅིག་གྱུར་དམ་ཟབ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་བཅོལ་བའི་འགན་འཁྲི་ནན་ཏན་ངང་བསྒྲུབས་པས། དམངས་ཆེན་བྱ་བར་འཕེལ་རྒྱས་གསར་པ་དང་ཕན་འབྲས་གསར་པ་ཐོབ་རྒྱུར་སྐུལ་འདེད་བཏང་སྟེ། འགོ་ཡག་པོ་ཞིག་བརྩམས་ཡོད། གཅིག་ནས་རྩ་ཁྲིམས་ཀྱི་དགོངས་དོན་དར་སྤེལ་བཏང་ནས། རྩ་ཁྲིམས་ཀྱི་ལས་འགན་བསྒྲུབས་ནས་རྩ་ཁྲིམས་ལག་བསྟར་དང་ལྟ་སྐུལ་གྱི་ཆུ་ཚད་མངོན་སུམ་གྱིས་ཇེ་མཐོར་བཏང་ཡོད། རྩ་ཁྲིམས་ལག་བསྟར་བྱེད་པར་འགན་ལེན་བྱེད་པའི་བཅའ་ཁྲིམས་ལམ་ལུགས་སྔར་ལས་འཐུས་ཚང་དུ་བཏང་བ་དང་། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་བཅའ་ཁྲིམས་བཟོས་ལ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྩ་འཛུགས་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན་ལ་གྲོས་ཞིབ་ཐེངས་གཉིས་བྱས་པར་མ་ཟད། ད་ཐེངས་ཀྱི་ཚོགས་ཆེན་ལ་གྲོས་ཞིབ་བྱ་རྒྱུར་འབུལ་རྒྱུའི་གྲོས་ཐག་བཅད་ཡོད། གཉིས་ནས་ཁྲིམས་འཛུགས་ཀྱི་སྤུས་ཚད་ཇེ་མཐོར་གཏོང་བའི་འགག་རྩ་དམ་འཛིན་བྱས་ཏེ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བཅའ་ཁྲིམས་མ་ལག་སྔར་ལས་ཚན་རིག་དང་མཐུན་ཞིང་ཆ་ཚང་བ་དང་། གཅིག་གྱུར་དང་དབང་གྲགས་ལྡན་པ་ཞིག་ཡོང་བར་སྐུལ་འདེད་བཏང་ཡོད། ལོ་གཅིག་གི་རིང་ལ་ཁྱོན་བསྡོམས་བཅའ་ཁྲིམས་སྐོར་གྱི་གྲོས་གཞི་སོ་བཞི་ལ་གྲོས་ཞིབ་བྱས་པ་དང་། དེའི་ནང་ནས་གྲོས་གཞི་ཉེར་གཅིག་ལ་གྲོས་འཆམ་བྱུང་ཞིང་། དེའི་ནང་དུ་གཏན་འབེབས་བྱས་པའི་བཅའ་ཁྲིམས་དྲུག་དང་བཟོ་བཅོས་བརྒྱབ་པའི་ཁྲིམས་གཞི་བརྒྱད། བཅའ་ཁྲིམས་ཀྱི་གནད་དོན་དང་གནད་དོན་གལ་ཆེན་དང་འབྲེལ་བ་ཡོད་པའི་ཆོད་དོན་བདུན་བཅས་ཚུད་ཡོད། གསུམ་ནས་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་དམངས་ཆེན་ལ་སྤྲད་པའི་ལྟ་སྐུལ་དབང་ཆ་བེད་སྤྱོད་ལེགས་པོ་བྱས་ཏེ། ལྟ་སྐུལ་བྱ་བའི་དམིགས་གཏད་རང་བཞིན་དང་དངོས་ཕན་རང་བཞིན་མངོན་སུམ་གྱིས་ཇེ་ཆེར་བཏང་། སྲིད་གཞུང་དང་ཁྲིམས་ཁང་། ཞིབ་དཔྱོད་ཁང་བཅས་ཀྱི་སྙན་ཞུ་ཉེར་གཉིས་ལ་ཉན་ནས་གྲོས་ཞིབ་བྱས་པ་དང་། བཅའ་ཁྲིམས་ལྔ་ལག་བསྟར་བྱས་པའི་གནས་ཚུལ་ལ་ཞིབ་བཤེར་བྱས་ལ། རྩ་འཛུགས་བྱས་ཏེ་ཆེད་དོན་འདྲི་རྩད་ཐེངས་གཉིས་དང་ཆེད་དོན་རྟོག་ཞིབ་ཐེངས་བདུན་བྱས་ནས་གྲོས་ཆོད་གཉིས་བཟོས་ཡོད། བཅའ་ཁྲིམས་དང་ཁྲིམས་སྲོལ་ལྟར་མང་ཚོགས་ཀྱི་འཕྲིན་བཅར་འབུམ་གཅིག་ཁྲི་ལྔ་སྟོང་བདུན་ཉིས་བརྒྱ་བཅུ་གཉིས་བསྒྲུབས། བཞི་ནས་དམངས་ཆེན་འཐུས་མིའི་བྱ་བའི་ནུས་པ་ཇེ་ཆེར་བཏང་ནས། འཐུས་མིས་ཁྲིམས་ལྟར་འགན་འཁྲི་སྔར་ལས་ལེགས་པར་སྒྲུབ་པར་རྒྱབ་སྐྱོར་དང་འགན་སྲུང་བྱས་ཡོད། འཐུས་མིའི་བྱ་བའི་ཨུ་ཡོན་ལྷན་ཁང་འཛུགས་རྒྱུ་གོ་སྐབས་སུ་བརྩིས་པ་དང་། རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་འཐུས་མིའི་བར་གྱི་འབྲེལ་བ་དང་། འཐུས་མི་དང་མི་དམངས་མང་ཚོགས་བར་གྱི་འབྲེལ་གཏུག་ལ་ཤུགས་སྣོན་རྒྱུ་དམ་འཛིན་བྱས་ཏེ། འཐུས་མིའི་བྱ་བ་ཟབ་སྤེལ་དང་རྒྱ་སྐྱེད་བཏང་ཡོད། ལྔ་ནས་རྒྱལ་ཁབ་ཀྱི་སྤྱིའི་ཕྱི་འབྲེལ་ལ་ཞབས་འདེགས་ཞུས་ནས། དམངས་ཆེན་གྱི་ཕྱི་ཕྱོགས་འགྲོ་འོང་ལས་དོན་འབད་པས་སྤེལ་ཡོད། དྲུག་ནས“ལས་ཁུངས་བཞིའི”ངེས་གནས་དང་བླང་བྱ་ལྟར་དུ། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རང་ངོས་འཛུགས་སྐྲུན་ལ་ཁྱོན་ཡོངས་ནས་ཤུགས་བསྣན་ཡོད་ཅེས་གསུངས།

ཀྲའོ་ལི་ཅི་ཡིས་སྙན་ཞུའི་ནང་ང་ཚོའི་བྱ་བར་ད་དུང་མི་འདང་བའི་ཆ་དུ་མ་ཞིག་གནས་ཡོད་པར་ངོས་འཛིན་གསལ་བོ་བྱས་ཏེ། ཁེངས་སྐྱུང་ངང་འཐུས་མི་དང་ཕྱོགས་སོ་སོའི་བསམ་འཆར་དང་གྲོས་གཞིར་ཉན་རྒྱུ་དང་། རང་རྟོགས་ངང་མི་དམངས་ཀྱི་ལྟ་སྐུལ་དང་ལེན་བྱས་ནས། ལས་དོན་ལེགས་བཅོས་དང་དེར་ཤུགས་སྣོན་དགོས་ཞེས་གསུངས།

ཀྲའོ་ལི་ཅི་ཡིས་སྙན་ཞུའི་ནང་། 2024ལོ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ75འཁོར་བ་དང་། ལོ་ལྔའི་འཆར་འགོད་བཅུ་བཞི་པའི”དམིགས་འབེན་ལས་འགན་མངོན་འགྱུར་བྱེད་པའི་གནད་འགག་གི་ལོ་ཞིག་ཡིན་ལ། རྒྱལ་ཡོངས་དམངས་ཆེན་བཙུགས་ནས་ལོ70འཁོར་བའི་ལོའང་ཡིན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགོ་ཁྲིད་བརྟན་པོའི་འོག་ཏུ། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དམངས་ཆེན་ལམ་ལུགས་རྒྱུན་འཁྱོངས་དང་དེ་སྔར་ལས་འཐུས་ཚང་དུ་གཏོང་བའི་སྐོར་གྱི་དགོངས་པ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་མཐར་ཕྱིན་བྱས་ནས། བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་འཕེལ་རྒྱས་སུ་གཏོང་བ་དང་། རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་བཅོལ་བའི་ཁྲིམས་འཛུགས་དབང་ཆ་དང་ལྟ་སྐུལ་དབང་ཆ། ཐག་གཅོད་དབང་ཆ། གོ་གནས་བསྐོ་འཐེན་དབང་ཆ་བཅས་ལག་བསྟར་ནན་ཏན་བྱེད་པ། བརྟན་ཐོག་ཡར་འཕེལ་བརྩོན་ལེན་བྱས་ཏེ་དམངས་ཆེན་བྱ་བའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་ཁྱོན་ཡོངས་ནས་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་ལས་དོན་ལ་སྐུལ་འདེད་གཏོང་ཆེད་ཁྲིམས་སྐྱོང་གི་འགན་ལེན་མཁོ་འདོན་བྱེད་དགོས་ཞེས་གསུངས།

ཀྲའོ་ལི་ཅི་ཡིས་སྙན་ཞུའི་ནང་། མ་འོངས་པའི་ལོ་གཅིག་རིང་གི་ལས་འགན་བཀོད་སྒྲིག་བྱས་ནས། རྩ་ཁྲིམས་ལག་བསྟར་དང་ལྟ་སྐུལ་ལ་ཤུགས་སྣོན་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བཅའ་ཁྲིམས་མ་ལག་སྔར་ལས་འཐུས་ཚང་དུ་གཏོང་བ། ལྟ་སྐུལ་བྱ་བ་ཏན་ཏིག་དང་ནུས་ལྡན་ངང་ལེགས་པར་བསྒྲུབ་དགོས། དམངས་ཆེན་འཐུས་མིའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས། དམངས་ཆེན་གྱིས་ཕྱི་ཕྱོགས་འགྲོ་འོང་བྱེད་ཤུགས་ཇེ་ཆེར་གཏོང་དགོས། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རང་ངོས་འཛུགས་སྐྲུན་ཆུ་ཚད་ཇེ་མཐོར་གཏོང་དགོས། རྒྱལ་ཡོངས་དམངས་ཆེན་བཙུགས་ནས་ལོ70འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོར་རྩ་འཛུགས་ཞིབ་ཚགས་བྱས་ཏེ། དམངས་ཆེན་ལམ་ལུགས་རྒྱུན་འཁྱོངས་ཡག་པོ་དང་འཐུས་ཚང་ཡག་པོ། འཁོར་སྐྱོད་ཡག་པོ་བཅས་བྱས་ནས། བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་འཕེལ་རྒྱས་བགྲོད་ལམ་སྟེང་བསྐྱོད་དགོས་ཞེས་གསུངས།

ཆེས་མཐོ་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་ཀྲང་ཅུན་གྱིས་ཆེས་མཐོ་མི་དམངས་ཁྲིམས་ཁང་གི་བྱ་བའི་སྙན་ཞུ་འབུལ་སྐབས། 2023ལོར་ཆེས་མཐོ་མི་དམངས་ཁྲིམས་ཁང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བཟུང་ནས། རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་བཅོལ་བའི་འགན་འཁྲི་ལྷག་བསམ་རྣམ་དག་ངང་བསྒྲུབས་པ་དང་། དྲང་གཞག་དང་ཕན་འབྲས”ཞེས་པའི་བྱ་བའི་བརྗོད་དོན་ལ་དམ་པོར་དམིགས་ཏེ། རང་འགུལ་ངང་ཁྲིམས་འཛིན་རྒྱུན་འཁྱོངས་བྱས་པ་དང་། སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ་དང་མི་དམངས་ཀྱི་ཆེད་དུ་ཁྲིམས་འཛིན་པ་ཟབ་སྤེལ་བྱས་ལ། འདྲི་གཅོད་ལས་དོན་དེང་རབས་ཅན་དུ་འཕེལ་བར་སྐུལ་འདེད་བཏང་ཡོད། ཆེས་མཐོ་མི་དམངས་ཁྲིམས་ཁང་ལ་གྱོད་གཞི་ཁྲི་གཉིས་སྟོང་གཅིག་དང་གྱ་གཅིག་འབྱོར་བའི་ཁྲོད་དུ། གྱོད་གཞི་ཁྲི་གཅིག་སྟོང་བརྒྱད་དང་བརྒྱད་བརྒྱ་ང་ལྔ་ཐག་བཅད་པ་དང་། དེ་ལོ་གོང་མའི་དུས་མཉམ་དང་བསྡུར་ན་སོ་སོར་བརྒྱ་ཆའི་ང་བཞི་དང་གྲངས་ཆུང་དྲུག་དང་བརྒྱ་ཆའི་ཉེར་དགུ་དང་གྲངས་ཆུང་ལྔ་འཕར་ཡོད། རྒྱལ་ཡོངས་ཀྱི་རིམ་པ་སོ་སོའི་ཁྲིམས་ཁང་ལ་གྱོད་གཞི་བྱེ་བ་བཞི་དང་ས་ཡ་ལྔ་འབུམ་ལྔ་ཁྲི་བདུན་སྟོང་བཞི་འབྱོར་བ་དང་། གྱོད་གཞི་བྱེ་བ་བཞི་དང་ས་ཡ་ལྔ་འབུམ་གཉིས་ཁྲི་དྲུག་སྟོང་བརྒྱད་ཐག་གཅོད་བྱས་པ་དེ་ནི་དུས་མཉམ་དང་བསྡུར་ན་སོ་སོར་བརྒྱ་ཆའི་བཅོ་ལྔ་དང་གྲངས་ཆུང་དྲུག་དང་བརྒྱ་ཆའི་བཅུ་གསུམ་དང་གྲངས་ཆུང་བཞི་འཕར་ཡོད་ཅེས་བསྟན།

ཀྲང་ཅུན་གྱིས་སྙན་ཞུའི་ནང་ཕྱོགས་ལྔའི་ཐད་ནས2023ལོའི་བྱ་བར་ཕྱིར་བལྟ་བྱས་ཡོད་དེ། གཅིག་ནས་ཁྱོན་ཡོངས་ལ་ཞབས་འདེགས་ཞུས་ནས་རང་འགུལ་ཁྲིམས་འཛིན་གྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་བདེ་འཇགས་ལ་འགན་ལེན་བྱས་པ་དང་། གཉིས་ནས་མི་དམངས་ཀྱི་ཆེད་དུ་དངོས་སུ་ཁྲིམས་འཛིན་བྱས་ཏེ་རང་འགུལ་ངང་ཁྲིམས་འཛིན་ལ་བརྟེན་ནས་དམངས་ཚིས་བདེ་སྐྱིད་ལ་འགན་ལེན་བྱས་ཡོད། གསུམ་ནས་སྔོན་ལ་དམ་འཛིན་ཏན་ཏིག་བྱས་ཏེ། རང་འགུལ་ཁྲིམས་འཛིན་ལ་བརྟེན་ནས་རྒྱལ་ཁབ་དང་སྤྱི་ཚོགས་བཅོས་སྐྱོང་ལ་སྐུལ་འདེད་བཏང་ཡོད། བཞི་ནས་འདྲི་གཅོད་དོ་དམ་དང་དཔུང་སྡེ་འཛུགས་སྐྲུན་དམ་འཛིན་ཡག་པོ་བྱས་ཏེ། རང་འགུལ་ངང་འགན་འཁྲི་བསྒྲུབས་ནས་ཁྲིམས་འཛིན་དྲང་གཞག་ལ་འགན་ལེན་ནུས་ལྡན་བྱས་ཡོད། ལྔ་ནས་རང་འགུལ་ངང་ལྟ་སྐུལ་དང་ལེན་བྱས་ཏེ། རང་འགུལ་ངང་འགན་འཁྲི་བསྒྲུབས་ནས་བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་ལག་བསྟར་བྱས་ཡོད་ཅེས་བསྟན།

ཀྲང་ཅུན་གྱིས་སྙན་ཞུའི་ནང2024ལོར་མི་དམངས་ཁྲིམས་ཁང་གིས་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་ལག་བསྟར་ནན་མོ་བྱས་ཏེ། འདྲི་གཅོད་བྱ་བའི་དེང་རབས་ཅན་ལ་བརྟེན་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་འདེགས་སྐྱོར་དང་ཞབས་འདེགས་གང་ལེགས་ཞུ་དགོས། རང་འགུལ་ཁྲིམས་འཛིན་རྒྱུན་འཁྱོངས་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འགན་འཁྲི་བསྒྲུབ་རྒྱུར་སྐུལ་འདེད་གཏོང་བར་དམ་པོར་དམིགས་པ་དང་། སྤུས་ཚད་མཐོར་གཏོང་དང་ཕན་འབྲས་ཆེར་གཏོང་བྱས་ནས། འདྲི་གཅོད་བྱ་བ་དེང་རབས་ཅན་དུ་མྱུར་མོར་བསྒྱུར་དགོས། ལྟ་སྐུལ་མ་ལག་འཐུས་ཚང་དུ་བཏང་ནས་ལས་འགན་ལྕི་མོ་ཕྲག་ཏུ་འཁུར་བའི་ཁྲིམས་ཁང་གི་ཧྲག་དམག་ནུས་ཤུགས་ཡོད་རྒུས་གསོ་སྐྱོང་བྱེད་དགོས། ཡིད་ཆེས་བརྟན་པོ་དང་གསར་གཏོད་ཡར་བརྩོན། བདེན་འཚོལ་དངོས་གཉེར། འགན་འཁུར་ཕོད་པ་བཅས་བྱས་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་ཁྱོན་ཡོངས་ནས་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་ལས་དོན་ལ་སྐུལ་འདེད་གཏོང་ཆེད་བྱས་རྗེས་སྔར་ལས་ཆེན་པོ་འཇོག་དགོས་ཞེས་བསྟན།

ཆེས་མཐོ་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་པོ་དབྱིན་ཡུང་གིས་ཆེས་མཐོ་མི་དམངས་ཞིབ་དཔྱོད་ཁང་གི་བྱ་བའི་སྙན་ཞུ་འབུལ་སྐབས། 2023ལོར་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགོ་ཁྲིད་བརྟན་པོའི་འོག་དང་། རྒྱལ་ཡོངས་དམངས་ཆེན་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལྟ་སྐུལ་ནུས་ལྡན་འོག་ཏུ། ཆེས་མཐོ་མི་དམངས་ཞིབ་དཔྱོད་ཁང་གིས་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་བཅོལ་བའི་བཅའ་ཁྲིམས་ཀྱི་ལྟ་སྐུལ་འགན་འཁྲི་ལྷག་བསམ་རྣམ་དག་ངང་ལག་བསྟར་བྱས་ནས། སྤུས་ཚད་མཐོ་བ་དང་ཕན་འབྲས་ཆེ་བའི་སྒོ་ནས་གྱོད་གཞི་ཚང་མ་ཡག་པོར་བསྒྲུབས་པས། ཞིབ་དཔྱོད་བྱ་བ་སྣ་ཚོགས་འཕེལ་རྒྱས་གསར་པ་བྱུང་ཡོད། རྒྱལ་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་ཁྱོན་བསྡོམས་གྱོད་གཞི་སྣ་ཚོགས་ས་ཡ་བཞི་དང་འབུམ་གཉིས་ཁྲི་ལྔ་སྟོང་གསུམ་གཙང་སྒྲུབ་བྱས་པ་དང་། དེ་ལོ་སྔོན་མ་དང་བསྡུར་ན་བརྒྱ་ཆའི་ཉེར་བརྒྱད་དང་གྲངས་ཆུང་དགུ་འཕར་ཡོད་ཅེས་བསྟན།

དབྱིན་ཡུང་གིས་སྙན་ཞུའི་ནང2023ལོའི་ལས་དོན་ལ་ཕྱིར་བལྟ་བྱས། གཅིག་ནས་ཁྱོན་ཡོངས་ལ་ཞབས་འདེགས་ཞུས་ནས་ཞིབ་དཔྱོད་འགན་ནུས་གང་ལེགས་བསྒྲུབས་ཏེ། བརྟན་བརླིང་ལ་སྲུང་སྐྱོབ་དང་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཡོད། གཉིས་ནས་མི་དམངས་ཀྱི་ཆེད་དུ་ཁྲིམས་འཛིན་བྱེད་པ་དང་ཞིབ་དཔྱོད་ཀྱི་འགན་འཁྲི་སྒྲུབ་རིང་དམངས་འཚོར་འགན་ལེན་དང་དེ་སྔར་ལས་ཇེ་ལེགས་སུ་བཏང་ཡོད། གསུམ་ནས་ཁྲིམས་སྐྱོང་གི་ཆེད་དུ་འགན་འཁྲི་འཁུར་བ་དང་ཞིབ་དཔྱོད་ལྟ་སྐུལ་ལ་བརྟེན་ནས་སྤྱི་ཚོགས་དྲང་གཞག་དྲང་བདེན་ཡོང་བར་སྐུལ་འདེད་ནུས་ལྡན་བཏང་ཡོད། བཞི་ནས་མི་དམངས་ཀྱི་ལྟ་སྐུལ་དང་ལེན་བྱས་ཏེ། ཞིབ་དཔྱོད་དབང་ཆ་ཁྲིམས་ལྟར་ཡང་དག་པར་སྤྱོད་པར་ཁག་ཐེག་བྱས་ཡོད། ལྔ་ནས་རང་ངོས་འཛུགས་སྐྲུན་ལ་ཤུགས་བསྣན་ནས། དུས་རབས་གསར་པའི་ཞིབ་དཔྱོད་ཀྱི་དམག་བཀན་མོ་གསོ་སྐྱོང་བྱས་ཡོད་ཅེས་བསྟན།

དབྱིན་ཡུང་གིས་སྙན་ཞུའི་ནང2024ལོར་རྒྱལ་ཡོངས་ཞིབ་དཔྱོད་ལས་ཁུངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བཟུང་ནས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་བྱས་ཏེ། ཆབ་སྲིད་ལ་དམ་པོར་དམིགས་པ་དང་ཁྲིམས་སྐྱོང་ལ་ཤུགས་བསྣན་ནས།  ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པའི་ཞིབ་དཔྱོད་ལག་ལེན་ལ་མུ་མཐུད་སྐུལ་འདེད་བཏང་ནས། ཞིབ་དཔྱོད་བྱ་བའི་དེང་རབས་ཅན་ལ་བརྟེན་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་འདེགས་སྐྱོར་དང་ཞབས་འདེགས་ཞུ་དགོས། ཏང་གིས་ཞིབ་དཔྱོད་བྱ་བར་ཕྱོགས་ཡོངས་ནས་འགོ་ཁྲིད་བྱེད་རྒྱུ་མཐའ་གཅིག་ཏུ་རྒྱུན་འཁྱོངས་དང་། རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་ཀྱི་བརྟན་བརླིང་། མི་དམངས་ཀྱི་བདེ་འཇགས་བཅས་ལ་སྲུང་སྐྱོབ་མཐའ་གཅིག་ཏུ་བྱེད་པ། སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་གཏོང་དགོས་ཞེས་པའི་དུས་རབས་གསར་པའི་གནས་ལུགས་འགྱུར་མེད་འདི་ལ་ཁྲིམས་ལྟར་ཞབས་འདེགས་ཞུ་བ། སྤུས་ཚད་ལྡན་ལ་ཕན་འབྲས་ཆེ་བའི་སྒོ་ནས་བཅའ་ཁྲིམས་ཀྱི་ལྟ་སྐུལ་འགན་འཁྲི་ལག་བསྟར་བྱེད་པ་དང་། མི་དམངས་མང་ཚོགས་ལ་ཕན་འབྲས་དངོས་ཐོབ་ཐུབ་པའི་ཞིབ་དཔྱོད་ཏན་ཏིག་བྱས་ནས། བཅའ་ཁྲིམས་ཀྱི་ལྟ་སྐུལ་ནུས་པ་རྒྱུན་སྲིང་ལྷོད་མེད་ངང་ཇེ་ཆེར་གཏོང་བ་དང་། མི་དམངས་ཞིབ་དཔྱོད་བྱ་བའི་རྣམ་པ་གསར་པ་ནུས་ཤུགས་ཡོད་རྒུས་བསྐྲུན་དགོས་ཞེས་བསྟན།

ཚོགས་འདུར་ཞུགས་དགོས་པའི་འཐུས་མི་སྟོང་གཉིས་དང་དགུ་བརྒྱ་ང་དྲུག་ཡོད་པ་དང་། འཐུས་མི་སྟོང་གཉིས་དང་བརྒྱད་བརྒྱ་དོན་བདུན་དངོས་སུ་ཚོགས་འདུར་ཞུགས་ཡོད་ལ། འཐུས་མི་དོན་དགུ་ཚོགས་འདུར་འབྱོར་མེད། ཚོགས་འདུར་ཞུགས་པའི་མི་གྲངས་དེ་ཁྲིམས་བཅད་མི་གྲངས་དང་མཐུན།

ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི། ལག་བསྟར་ཀྲུའུ་ཞི་ལིས་ཧུང་ཀྲུང་གིས་ཚོགས་འདུར་འགོ་འཛིན་བྱས།

ཚོགས་ཆེན་གྱི་ལག་བསྟར་ཀྲུའུ་ཞི་ཡུས་ཝེ་གོ་དང་ཝང་ཉིང་། ཝང་ཞའོ་ཧོས། ཝང་མིན་ཧོས། པ་དབྱིན་ཁྲའོ་ལུའུ། ཧྥུན་ཧྥེ། ལིའུ་ཡུས་ལེང་། སུན་ཧྲའོ་ཁྲིན། ཏུའུ་ཅ་ཧའོ། ལིས་ཞིའུ་ལིན། དབྱང་ཞའོ་ཁྲའོ། ཀྲང་ཡིའུ་ཞ། ཁྲིན་ཀང་། ལིན་ཝུའུ། དབྱི་ལེན་ཧུང་། ཀྲིའུ་ཙུའུ་དབྱི། ཀྲའོ་དབྱི་ཏི། ཙུའུ་མུའུ་རེ་ཐིས·ཝུའུ་པུའུ་ལིས། ཉི་ཡུའེ་ཧྥུན། ཧོང་ལིས་ཞིན། ཧོང་ཁྲུའུ་ཕིང་། ཅིན་ཅུན་ཧའེ། ལོ་ཧྲུའུ་ཀང་བཅས་ཀྲུའུ་ཞི་སྟེགས་བུའི་ལག་བསྟར་ཀྲུའུ་ཞིའི་བཞུགས་གནས་སུ་བསྡད་ཡོད།

 

རྩོམ་སྒྲིག་པ། ནམ་མཁའ་ཚེ་རིང་།