རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པས་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་བསྡུས།
ཟླ3པའི་ཚེས7ཉིན་གྱི་སྔ་དྲོར་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་གྲོས་ཚོགས་ལ་ཞུགས། ཨུ་ཡོན14ཡིས་གྲོས་ཚོགས་སྟེང་གཏམ་བཤད།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་གོ་ཆིན་དང་། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་འབྲེལ་ཡོད་ཁག་གི་འགན་འཁུར་བློ་མཐུན་གདན་ཞུས་ལྟར་གྲོས་ཚོགས་ལ་ཞུགས་ནས་གཏམ་བཤད་ལ་ཉན།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཧྲི་ཐའེ་ཧྥུན་དང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཧུའུ་ཁྲུན་ཧྭ་དང་། ཝང་ཡུང་། ཀྲོའུ་ཆང་། འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ། ཧི་ཧོའུ་ཧྭ། ལེང་ཀྲེན་དབྱིན། པ་ཐིར། སུའུ་ཧུའེ། ཁྲིན་ཝུའུ། མུའུ་ཧུང་། ཞན་ཧུའེ། ཝང་ཏུང་ཧྥིན། ཅང་ཞིན་ཀྲི། ཅང་ཙོ་ཅུན། ཧི་པའོ་ཞང་། ཝང་ཀོང་ཆན། ཆིན་པོ་ཡུང་། ཀྲུའུ་ཡུང་ཞིན། དབྱང་ཀྲིན་བཅས་ཚོགས་འདུར་ཞུགས།
རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཧྲིན་ཡུའེ་ཡུའེ་ཡིས་གྲོས་ཚོགས་ལ་འགོ་འཛིན་བྱས།
ཨུ་ཡོན་ཉིན་ཅི་ཀྲིག་གིས་གཏམ་བཤད་སྐབས་འདས་ཟིན་པའི་ལོ་གཅིག་ནང་རང་རྒྱལ་གྱི་དཔལ་འབྱོར་བསྐྱར་འཕར་གནས་བབ་ཇེ་ལེགས་སུ་སོང་བ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ནུས་ལྡན་བཏང་ཡོད་ཅེས་བཤད། ཁོས་སྤྱི་ཁོག་སྙོམས་སྒྲིག་བྱེད་ཤུགས་ཇེ་ཆེར་བཏང་ནས་འཕར་སྣོན་བརྟན་པོ་ཡོང་བར་ཕན་པའི་སྲིད་ཇུས་མང་ཙམ་འདོན་རྒྱུ་དང་། ཚན་རྩལ་གསར་གཏོད་ཀྱི་སྣེ་ཁྲིད་འབུར་དུ་ཐོན་པར་བྱས་ཏེ་ཐོན་སྐྱེད་ནུས་ཤུགས་གསར་མ་མྱུར་དུ་ཆགས་པར་བྱ་རྒྱུ། ཐབས་བརྒྱ་ཇུས་སྟོང་གིས་ནང་མཁོ་རྒྱ་བསྐྱེད་དེ་གྲོང་ཁྱེར་གྲོང་གསེབ་དང་ས་ཁོངས་འཕེལ་རྒྱས་ཀྱི་བར་སྟོང་གསར་སྤེལ་བྱ་རྒྱུའི་གྲོས་གཞི་བཏོན།
ཨུ་ཡོན་ཁྲིན་ཆུན་གྱིས་ཀྲུང་གོ་དམངས་གཙོ་མནའ་མཐུན་ཀྲུང་དབྱང་གི་ཚབ་བྱས་ནས་གཏམ་བཤད་སྐབས་རྨང་གཞིའི་ཞིབ་འཇུག་གི་ཆུ་ཚད་ཇེ་མཐོར་གཏོང་རྒྱུར་སྔར་ལས་སྐུལ་འདེད་གཏོང་བ་དང་། དགོས་གལ་ཆེ་བའི་རྨང་གཞིའི་ཞིབ་འཇུག་གི་ཆོས་ཉིད་དང་མཐུན་པའི་ཞིབ་ཕྲའི་བྱེད་ཐབས་གཏན་འཁེལ་བྱས་ཏེ། རྨང་གཞིའི་ཞིབ་འཇུག་འཛུགས་པར་འབད་བརྩོན་ལྷོད་མེད་བྱེད་པའི་ལམ་ལུགས་ཀྱི་ཁོར་ཡུག་བསྐྲུན་དགོས་ཞེས་བཤད། ཁོས་རང་མོས་འཚོལ་ཞིབ་ཅན་གྱི་རྨང་གཞིའི་ཞིབ་འཇུག་ལ་བར་སྟོང་འདང་ངེས་བཞག་སྟེ། ཚན་རིག་ཞིབ་འཇུག་མི་སྣས་རིན་ཐང་དངོས་ལྡན་པའི་ཚན་རིག་གི་གནད་དོན་དང་ལག་རྩལ་ཐད་ཀྱི་དཀའ་གནད་འཚོལ་བར་སྐུལ་ལྕག་དང་རྒྱབ་སྐྱོར་བྱས་ཏེ། ཚན་རིག་པར་ཚན་རྩལ་གསར་གཏོད་ཀྱི་ལས་འགན་ལྗིད་མོ་འཁུར་དུ་འཇུག་རྒྱུའི་གྲོས་གཞི་བཏོན།
ཨུ་ཡོན་དབྱི་ཀང་གིས་གཏམ་བཤད་སྐབས་དངུལ་རྩའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་དངུལ་རྩའི་སྲིད་ཇུས་དང་ནོར་སྲིད་སོགས་སྲིད་ཇུས་མཐུན་སྦྱོར་དང་གཞོགས་འདེགས་བྱ་རྒྱུར་ཤུགས་སྣོན་དགོས་པར་མ་ཟད། དཔལ་འབྱོར་འཁོར་སྐྱོད་ཀྱི་འགག་རྩའི་ལྷུ་ཚིགས་ཁག་གཅིག་ལ་དམིགས་ཡུལ་ལྡན་པའི་བྱེད་ཐབས་སྤྱོད་དགོས་ཞེས་བཤད། ཁོས་ནོར་སྲིད་ཀྱི་སྲིད་ཇུས་བར་སྟོང་བེད་སྤྱོད་ཡག་པོ་བྱས་ཏེ། སྤྱི་ཚོགས་ཀྱི་མ་དངུལ་འཇོག་གྲངས་ཇེ་མང་དུ་གཏོང་རྒྱུ་དང་མ་དངུལ་བསྡུ་རུབ་བྱ་རྒྱུ་དེ་སྔར་ལས་གལ་ཆེན་དུ་བཞག་ནས། དངུལ་རྩའི་ཆུ་ཚད་མཐོ་བའི་སྒོ་འབྱེད་ལ་སྐུལ་འདེད་ཆེན་པོ་གཏོང་རྒྱུའི་གྲོས་གཞི་བཏོན།
ཨུ་ཡོན་སི་མ་ཧུང་གིས་ཀྲུང་གོ་དམངས་གཙོ་རྒྱལ་འཛུགས་ལྷན་ཚོགས་ཀྲུང་དབྱང་གི་ཚབ་བྱས་ནས་བཤད་སྐབས་། སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་གཏོང་བར་དེང་རབས་ཅན་གྱི་ཐོན་ལས་མ་ལག་གིས་འདེགས་སྐྱོར་བྱེད་དགོས་ཞེས་བཤད། ཁོས་ཐོན་ལས་ཀྱི་བར་སྟོང་བཀོད་སྒྲིག་བྱེད་སྟངས་ཇེ་ལེགས་སུ་བཏང་ནས་ཐོན་ལས་མཉམ་འདྲེས་ཅན་དང་ཚོགས་སྤྱི་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། ཚན་རྩལ་གསར་གཏོད་ཀྱིས་སྣེ་ཁྲིད་བྱེད་པ་དང་སྔོན་ཐོན་བཟོ་སྐྲུན་ལས་རིགས་ཀྱིས་རྐང་འཛིན་བྱེད་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་ཅིག་བསྐྲུན་རྒྱུའི་གྲོས་གཞི་བཏོན།
ཨུ་ཡོན་ཁྲིག་ཅུན་གྱིས་གཏམ་བཤད་སྐབས་འབྲི་ཆུའི་ཟུར་གསུམ་གླིང་གཞི་གཅིག་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་ནི་དོན་ཆེན་ཞིག་རེད་ཅེས་བཤད། ཁོས་གཞི་གཅིག་ཅན་དང་སྤུས་ཚད་མཐོར་པོར་དམ་དུ་དམིགས་པ་དང་། ས་ཁོངས་ཀྱི་འཐབ་ཇུས་འབྲེལ་མཐུད་ལ་ཤུགས་སྣོན་པ། འཐབ་ཇུས་ཚན་རྩལ་གྱི་སྟོབས་ཤུགས་སྤྱི་འདོམས་བཀོད་སྒྲིག་བྱེད་པ། འགག་རྩའི་སྲོག་ཤིང་ལག་རྩལ་རྩ་འཛུགས་ཀྱི་མཉམ་འབྲེལ་འགག་སྒྲོལ་ལ་དམིགས་པ། གཞི་གཅིག་ཅན་གྱི་དཔེ་སྟོན་ཁུལ་འཛུགས་སྐྱོང་གཏིང་ཟབ་ཏུ་གཏོང་བ་བཅས་བྱས་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་འབུལ་རྒྱུའི་གྲོས་གཞི་བཏོན།
ཨུ་ཡོན་ཝང་ལུའུ་ཡིས་ཞིང་བཟོ་ཏང་ཀྲུང་དབྱང་གི་ཚབ་བྱས་གཏམ་བཤད་སྐབས་རྒྱུ་ཆ་གསར་པའི་ཐོན་ལས་ཧུར་ཐག་གིས་སྐྱེད་སྲིང་དང་འཕེལ་རྒྱས་གཏོང་དགོས་ཞེས་བཤད། ཁོས་རྒྱུ་ཆ་གསར་པའི་རིགས་གཙོ་བོ་དང་གཙོ་གནད་ཐོན་ལས་འདུས་སྡོད་ཁུལ་དུ་ཁྱབ་པའི་ཚན་རྩལ་གསར་གཏོད་ཀྱི་བཀོད་པ་མགྱོགས་མྱུར་ངང་བཙུགས་ནས་ཚན་རྩལ་དང་དངུལ་རྩ། ཐོན་ལས་སོགས་སྲིད་ཇུས་ཀྱི་རྒྱབ་སྐྱོར་དང་ཤེས་ལྡན་མི་སྣ། ཐོན་ཁུངས། གཞི་གྲངས་སོགས་ཀྱི་རྒྱུ་རྐྱེན་གཙོ་བོའི་འགན་ལེན་ཐད་རྒྱུ་ཆ་གསར་པ་འཕེལ་རྒྱས་ཀྱི་ཁྱབ་ཁོངས་སྔར་ལས་གཅིག་བསྡུ་བྱ་རྒྱུའི་གྲོས་གཞི་བཏོན།
ཨུ་ཡོན་ཁུང་ཁྲང་ཧྲིན་གྱིས་གཏམ་བཤད་སྐབས་ཞིང་ལས་དེང་རབས་ཅན་གྱི་འཕེལ་རིམ་དེ་ཀྲུང་གོའི་ཁྱད་ཆོས་ཀྱི་དེང་རབས་ཅན་གྱི་དམིགས་ཚད་འཕེལ་རིམ་དང་སྤུས་ཚད་ལ་ཐད་ཀར་འབྲེལ་བ་ཡོད་ཅེས་བཤད། ཁོས་མདུན་གྲལ་གྱི་ཚན་རྩལ་ལ་བརྟེན་ནས་ཞིང་ལས་དེང་རབས་ཅན་ལ་འདེགས་སྐྱོར་བྱེད་པ་དང་ཞིང་ལས་རྒྱུ་ཆ་དང་ཞིང་ལས་འཕྲུལ་ཆས།ཞིང་ལས་ཐོན་སྐྱེད། ཞིང་ལས་ཐོན་རྫས་ལས་སྣོན་སོགས་ལྷུ་ཚིགས་ཀྱི“ཕྲེང་འབྲེལ་རྣམ་པའི་མཉམ་འདྲེས”ལ་བརྟེན་ནས་ཞིང་ལས་ཐོན་ལས་ཅན་ལ་སྐུལ་འདེད་བཏང་སྟེ། ཞིང་ལས་དེང་རབས་ཅན་གྱི་ཐོན་ལས་ཆེན་པོ་བསྐྲུན་རྒྱུའི་གྲོས་གཞི་བཏོན།
ཨུ་ཡོན་ཞུས་ཞའོ་ལན་གྱིས་ཀྲི་ཀུང་ཏང་ཀྲུང་དབྱང་གི་ཚབ་བྱས་པ་དང་ཨུ་ཡོན་ཀྲའོ་ཅིན་གྱིས་དགུ་གསུམ་སློབ་ཚོགས་ཀྲུང་དབྱང་གི་ཚབ་དང་། ཨུ་ཡོན་ཐའོ་ཀྲི་ཡིས་ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣའི་ཚབ་བྱས་ལ། ཨུ་ཡོན་ནན་ཚུན་ཧུའེ་ཡིས་རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚབ་དང་ཨུ་ཡོན་ཞ་ཅེ་ཡིས་རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚབ་བཅས་བྱས་ནས་རེ་རེ་བཞིན་གྲོས་གཞི་བཏོན།