ཟླ3པའི་ཚེས6ཉིན། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པར་ཞུགས་པའི་མཚོ་སྔོན་དུ་སྡོད་པའི་རྒྱལ་ཡོངས་སྲིད་གྲོས་གྱི་ཨུ་ཡོན་རྣམས་སོ་སོའི་ལས་རིགས་ཀྱི་མཉམ་འབྲེལ་གྲོས་ཚོགས་དང་ཚན་ཆུང་གྲོས་ཚོགས་ལ་ཞུགས་ཏེ། སྲིད་གཞུང་བྱ་བའི་སྙན་ཞུ་དང་། འཆར་འགོད་སྙན་ཞུ། སྔོན་རྩིས་སྙན་ཞུ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྩ་འཛུགས་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན་བཅས་ལ་ནན་ཏན་སྒོས་གྲོས་སྡུར་བྱས། ཨུ་ཡོན་མགོན་པོ་བཀྲ་ཤིས་དང་། ཝང་ཅན་ཅུན། རྡོ་རྗེ་རབ་བརྟན། པད་ཁོ། ལིའུ་ཐུང་ཏི། ཝང་ཞོན། གསེར་ཁྲི་ཆོས་ཀྱི་བློ་གྲོས་རྒྱ་མཚོ། མཱ་ཡུའེ་ཞང་བཅས་ཀྱིས་གཏམ་བཤད།
ཨུ་ཡོན་མགོན་པོ་བཀྲ་ཤིས་ཀྱིས་བཤད་རྒྱུར། ཙུང་ལི་ལིས་ཆང་གིས་ཕུལ་བའི་སྲིད་གཞུང་བྱ་བའི་སྙན་ཞུའི་ནང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་པས་ཁྱབ་ཡོད་ལ། གྲུབ་འབྲས་སྤྱི་སྡོམ་བྱས་པ་དྲང་གཞག་ཡིན་པ་དང་གནས་བབ་ལ་དབྱེ་ཞིབ་བྱས་པ་གནད་དུ་འཁེལ་ཞིང་། ལས་འགན་དམིགས་འབེན་ལག་བསྟར་བྱེད་ཆོག་པས། ང་ཡོངས་སུ་འཐད་པ་ཡིན། 2023ལོར་སྣེ་མང་རྙོག་འཛིང་གི་རྒྱལ་སྤྱིའི་གནས་བབ་དང་། བཅོས་སྒྱུར་འཕེལ་རྒྱས་བརྟན་འཇགས་ཀྱི་དཀའ་ཚེགས་ཆེ་བའི་ལས་འགན་གྱི་མདུན་དུ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགོ་ཁྲིད་བརྟན་པོའི་འོག སྐབས་གསར་པའི་སྲིད་གཞུང་གིས་འབད་འབུངས་ཡར་བརྩོན་དང་དཔའ་སྐྱེད་མདུན་སྐྱོད་བྱས་ཏེ། ལོ་ཧྲིལ་བོའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་འགན་དམིགས་འབེན་གཙོ་བོ་བདེ་ལེགས་ངང་ཡོངས་འགྲུབ་བྱས་ཤིང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་བཏང་བར་མ་ཟད། སྤྱི་ཚོགས་སྤྱི་ཡོངས་ཀྱི་བརྟན་འཇགས་རྣམ་པ་སྲུང་འཛིན་བྱས་ཡོད་པས། དོན་དངོས་འགུལ་སྐྱོད་དང་ཁྱད་འཕགས་གྲུབ་འབྲས་ལ་བརྟེན་ནས་འགོ་ལེགས་པར་བརྩམས་ཡོད།
ཨུ་ཡོན་ཝང་ཅན་ཅུན་གྱིས་བཤད་རྒྱུར། སྲིད་གཞུང་བྱ་བའི་སྙན་ཞུ་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་ཆེས་གསར་པའི་གཞུང་ལུགས་གྲུབ་འབྲས་དང་ལག་ལེན་གྲུབ་འབྲས། ལམ་ལུགས་གྲུབ་འབྲས་བཅས་ལག་བསྟར་དངོས་འབེབས་བྱེད་པའི་ཐོན་མོང་གི་མངོན་སྟངས་ཤིག་དང་། ཏང་གི་དམིགས་འབེན་དུས་རབས་གསར་པར་དར་སྤེལ་གཏོང་བའི་གསོན་ཉམས་ལྡན་པའི་མངོན་སྟངས་ཤིག་ཡིན་པར་མ་ཟད། ཀྲུང་གོའི་དཔལ་འབྱོར་ལ་གཟི་འོད་རྒྱས་པར་བྱེད་པ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་བསྒྲགས་ཡིག་དང་བཟོ་བཀོད་རི་མོའང་ཡིན་པས། ང་ཡོངས་སུ་འཐད་པ་ཡིན། གོ་རིམ་རྗེས་མར། སྲིད་གྲོས་ཞིང་ལས་ཨུ་ཡོན་ལྷན་ཁང་གི་འགན་སྒྲུབ་དང་ཟུང་འབྲེལ་བྱས་ཏེ། ཞི་ཅིན་ཕིང་གི་རིག་གནས་དགོངས་པའི་ཉིང་བཅུད་ཀྱིས་ཤེས་ཡོན་རྒྱས་པར་བྱེད་པ་དང་། ཐོན་སྐྱེད་ནུས་ཤུགས་གསར་མའི་འདུ་ཤེས་བཟུང་ནས་བདེ་ཐང་དང་བདེ་འཇགས་ལ་འགན་སྲུང་བྱེད་པ། བཅོས་སྒྱུར་སྒོ་འབྱེད་ཀྱི་སྒུལ་ནུས་ཀྱིས་ཡོང་སྒོ་འཚོལ་བ། གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་རྣམ་པས་ཕྱུག་འགྱུར་ཡོང་བར་བྱེད་དགོས། འཆམ་མཐུན་མཛེས་སྡུག་གི་ཞིང་སྡེ་བསྐྲུན་པའི་རེ་སྨོན་བཅངས་ནས་འཚོ་བ་བདེ་ཞིང་སྐྱིད་པར་རོལ་དགོས་ཤིང་། ཞིང་ལས་རྒྱལ་ཁབ་སྟོབས་ལྡན་མྱུར་དུ་བསྐྲུན་ནས་ཞིང་ལས་ཞིང་སྡེ་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་གྲུབ་འབྲས་རེའུ་མིག་གསལ་ལེར་འགོད་དགོས།
ཨུ་ཡོན་རྡོ་རྗེ་རབ་བརྟན་གྱིས་བཤད་རྒྱུར། སྙན་ཞུ་ཧྲིལ་བོར་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་གྱིས་ཁྱབ་ཡོད་ལ། གྲུབ་འབྲས་སྤྱི་སྡོམ་བྱས་པ་དོན་གཉེར་དང་གནས་བབ་དབྱེ་ཞིབ་བྱས་པ་གནད་ལ་འཁེལ་ཡོད་པ་དང་། བྱ་བ་བཀོད་སྒྲིག་བྱས་པ་ཡང་དག་ནུས་ལྡན་ཡིན་པས། དར་ཆ་མཐོར་སྒྲེང་དང་བརྩོན་སེམས་ཆེར་སྐྱེད། ཡིད་ཆེས་མཐོར་འདེགས། འཕེལ་རྒྱས་ཡར་སྐུལ་གྱི་སྙན་ཞུ་བཟང་པོ་ཞིག་རེད། 2023ལོར་སྣེ་མང་རྙོག་འཛིང་གི་རྒྱལ་ཁབ་ཕྱི་ནང་གི་འཕེལ་རྒྱས་གནས་བབ་ལ་ཁ་གཏད་འཇལ་བར། སྲིད་གཞུང་བྱ་བའི་སྙན་ཞུས་ཡིད་ཚིམ་པའི་ལན་སྤྲད་ཡོད་དེ། གཅིག་ནི་དཔལ་འབྱོར་འཕེལ་རྒྱས་ཀྱི་སྔོན་དཔག་དམིགས་འབེན་གཙོ་བོ་བདེ་ལེགས་ངང་མངོན་འགྱུར་བྱུང་སྟེ། འགྲན་ཟླ་བྲལ་བའི་འཛམ་གླིང་གི་ཁྱད་མཚར་བསྐྲུན། གཉིས་ནི་དམངས་ཚིས་འགན་སྲུང་ཕན་ཡོད་ནུས་ལྡན་ཡིན་པས། མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་དང་སྐྱིད་སྣང་། བདེ་སྣང་བཅས་རྒྱུན་ཆད་མེད་པར་ཇེ་དྲག་ཏུ་བཏང་། གསུམ་ནི་ཉེན་ཁ་དང་འགྲན་སློང་སྣ་ཚོགས་ལ་ཞུམ་མེད་ངང་ཁ་གཏད་འཇལ་ནས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་མུ་མཐུད་དུ་བརྟན་འཇགས་སྒོས་མདུན་དུ་བསྐྱོད་པ་དེ་རེད།
ཨུ་ཡོན་པད་ཁོ་ཡིས་བཤད་རྒྱུར། སྙན་ཞུ་ཧྲིལ་བོར་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་བློ་གྲོས་གཟི་འོད་ལམ་ལམ་འཕྲོ་བཞིན་ཡོད། གྲུབ་འབྲས་སྤྱི་སྡོམ་བྱས་པ་དངོས་ཐོག་བདེན་འཚོལ་དང་། གཙོ་གནད་འབུར་ཐོན་དང་གནད་དོན་དབྱེ་ཞིབ་བརྡར་གཅོད་བྱས་པ་ཚན་རིག་དང་མཐུན་ལ། གནད་ཁེལ་ཚད་ལྡན་ཡིན་པར་མ་ཟད། དམིགས་འབེན་གཏན་ཁེལ་བྱས་པ་དོན་དངོས་ལ་རྐང་བཙུགས་པ་དང་སྔོན་དཔག་དམིགས་སུ་བཟུང་བ། བཀོད་སྒྲིག་དང་འཆར་འགོད་བྱས་པ་མཐོང་རྒྱ་ཡངས་ཤིང་ལག་ལེན་དུ་བསྟར་ཆོག་པས། དར་ཆ་མཐོར་སྒྲེང་དང་མི་སེམས་གཅིག་སྡུད། བདེན་སྲུང་གསར་གཏོད། འཕེལ་རྒྱས་སྣེ་ཁྲིད་བཅས་ཀྱི་སྙན་ཞུ་བཟང་པོ་ཞིག་རེད། སྲིད་གྲོས་ཨུ་ཡོན་དང་འཐབ་ཕྱོགས་གཅིག་གྱུར་བྱ་བའི་ལས་བྱེད་པ་ཞིག་ཡིན་པའི་ཆ་ནས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པར་སློབ་སྦྱོང་དང་གོ་བ་ཟབ་མོ་ལེན་པ་དང་། དུས་རབས་གསར་པའི་འཐབ་ཕྱོགས་གཅིག་གྱུར་བྱ་བར་འཕྲད་པའི་གནས་བབ་དང་། འགན་འཁྲི་དང་ལས་འགན་བཅས་ལ་སྟངས་འཛིན་ཡང་དག་བྱེད་པ། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་བསམ་གཞིགས་གཏོང་མཁས་དང་འཆར་འགོད་བྱེད་མཁས། སྐུལ་འདེད་གཏོང་མཁས་བྱས་ཏེ། སྙན་ཞུ་ལས་བསྟན་པའི་ལས་འགན་དང་བྱེད་ཐབས་ཁག་སོ་སོ་སློབ་སྦྱོང་དང་དྲིལ་སྒྲོག་བཟང་པོ། ལག་བསྟར་དང་དངོས་འབེབས་བྱ་རྒྱུ་ཡིན།
ཨུ་ཡོན་ལིའུ་ཐུང་ཏི་ཡིས་བཤད་རྒྱུར། ཙུང་ལི་ལིས་ཆང་གིས་ཕུལ་བའི་སྲིད་གཞུང་བྱ་བའི་སྙན་ཞུས་གྲུབ་འབྲས་སྤྱི་སྡོམ་བྱས་པ་དངོས་ཐོག་བདེན་འཚོལ་དང་། གནས་བབ་དབྱེ་ཞིབ་བྱས་པ་གསལ་ཞིང་བྱ་བ་བཀོད་སྒྲིག་བྱས་པ་ཚན་རིག་དང་མཐུན་ལ་དོན་གཉེར་ཡིན་ཞིང་། ང་ཚོར་སྐབས་གསར་པའི་སྲིད་གཞུང་གིས་ལས་དོན་སྒྲུབ་འགོ་བརྩམས་པའི་ལོར་ཏང་དང་མི་དམངས་ཡིད་ཚིམ་པའི་རྒྱུགས་ལན་སྤྲད་པ་ཤེས་སུ་འཇུག་ཐུབ་པས། བདེན་འཚོལ་དངོས་གཉེར་དང་གོང་བུར་གཅིག་འདྲིལ། བརྩོན་སེམས་ཆེར་སྐྱེད་ཀྱི་སྙན་ཞུ་བཟང་པོ་ཞིག་རེད། ང་ཡོངས་སུ་འཐད་པ་ཡིན།
ཨུ་ཡོན་ཝང་ཞོན་གྱིས་བཤད་རྒྱུར། 2023ལོར་རང་རྒྱལ་གྱི་ཕྱི་ཕྱོགས་ཀྱི་གནོན་ཤུགས་ཐེག་ཐུབ་པར་བྱས་པ་དང་ནང་ཁུལ་གྱི་དཀའ་ཁག་ཁྱད་སེལ་བྱས་ལ། འབད་འབུངས་ཀྱི་སྙིང་རུས་བསྐྱེད་ནས་དཔལ་འབྱོར་སྤྱི་ཚོགས་ཀྱི་དམིགས་འབེན་གཙོ་བོ་བདེ་ལེགས་ངང་ཡོངས་འགྲུབ་བྱས་ཡོད། 2024ལོའི་བྱ་བའི་དམིགས་འབེན་གསལ་བོ་ཡིན་ལ། དངོས་སྒྲུབ་དང་དཀའ་སྤྱད། སྒྲུབ་མཁས་བཅས་བྱེད་པ་འབུར་དུ་ཐོན་པས་ང་ཡོངས་སུ་འཐད་པ་ཡིན། ཞིང་གསུམ་བྱ་བ་དེ་གཞི་རིམ་ནས་ཚན་རྩལ་དང་ཟུང་འབྲེལ་བྱེད་པར་སྔར་ལས་མཐོང་ཆེན་བྱེད་པའི་སྐོར་ནས་གྲོས་གཞི་གཉིས་ཡོད་དེ། གཅིག་ནི་ཞིང་ཁའི་ཚན་རྩལ་རྣམ་གྲངས་བཙུགས་ཏེ། ཚན་རྩལ་བྱ་བ་སྒྲུབ་མཁན་སྔར་ལས་མང་པོ་གྲོང་རྡལ་དུ་བསྐྱོད་པར་སྐུལ་འདེད་གཏོང་དགོས། གཉིས་ནི་སློབ་ཆེན་དང་འབྲིང་རིམ་སློབ་མའི་ཞིང་ཁའི་ལག་ལེན་རྣམ་གྲངས་བཙུགས་ཏེ། ཆུང་བས་ཆེ་བར་སྐུལ་བའི་སྒོ་ནས་གྲོང་གསེབ་གསར་གཏོད་ནུས་པ་བརྟན་པོར་གཏོང་དགོས།
ཨུ་ཡོན་གསེར་ཁྲི་ཆོས་ཀྱི་བློ་གྲོས་རྒྱ་མཚོས་བཤད་རྒྱུར། སྙན་ཞུ་ཧྲིལ་བོར་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལག་བསྟར་བྱས་ཡོད་ལ། འདས་པའི་ལོ་གཅིག་གི་བྱ་བར་ཕྱིར་དྲན་བྱས་ཤིང་གྲུབ་འབྲས་དགའ་འོས་པ་བླངས་ཡོད་ལ། ད་ལོའི་བྱ་བ་བཀོད་སྒྲིག་བྱས་ནས་དམིགས་འབེན་ཁ་གསལ་བཟོས་ཡོད་ཅིང་། བྱེད་ཐབས་གནད་ལ་འཁེལ་ཞིང་བརྩོན་སེམས་ཆེ་རུ་བསྐྱེད་ཐུབ་པས། ཆབ་སྲིད་ལངས་གནས་མཐོ་ཞིང་འགན་འཁྲི་ཁག་ཁུར་ཡོད་པ། དམངས་སྐྱོང་གི་བརྩེ་བས་ཁེངས་པའི་སྙན་ཞུ་བཟང་པོ་ཞིག་རེད། ང་ཡོངས་སུ་འཐད་པ་ཡིན།
ཨུ་ཡོན་མཱ་ཡུའེ་ཞང་གིས་བཤད་རྒྱུར། སྲིད་གཞུང་བྱ་བའི་སྙན་ཞུ་ཡི་འགོ་མཇུག་བར་གསུམ་ཀུན་ཏུ་སྤུས་ཚད་མཐོ་བའི་འཕེལ་རྒྱས་དེ་དུས་རབས་གསར་པའི་གནས་ལུགས་ངོ་མར་བཞག་སྟེ། ལོ་ཧྲིལ་བོའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་འབེན་ལས་འགན་གཙོ་བོ་ཡོངས་འགྲུབ་བྱས་ཡོད་ཀྱང་། གྲུབ་འབྲས་ལེན་སླ་མོ་ཞིག་མིན། སྙན་ཞུར་ཕྱོགས་བསྡུས་བརྡར་གཅོད་བྱས་རྗེས་ཚན་རིག་ལྟར་གཏན་ཁེལ་བྱས་པའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱིའི་བླང་བྱ་དང་སྲིད་ཇུས་ཁ་ཕྱོགས་ཀྱིས་ང་ལ་ཡར་བརྩོན་གྱི་སྐུལ་མ་ཐེབས་ཤིང་། རྗེས་དཔག་ངེས་བརྟན་དང་ལམ་ཕྱོགས་གསལ་བོ། བརྟན་འཇགས་བདེ་ཐང་གིས་བཀོད་སྒྲིག་བྱས་པའི2024ལོ་ཧྲིལ་བོའི་བྱ་བའི་ལས་འགན་གྱིས་སྔར་ལས་ངར་ཤུགས་རྒྱས་པར་བྱས་སོང་།
ཨུ་ཡོན་ཝང་ཅན་དང་ཀྲུའུ་ཁྲུན་ཡུན། ལིས་ཆིན། ཀྲའོ་ཧའེ་ཞིན། ཅིན་ཧྭ། ཧན་ཝུན་ལིན་སོགས་ཀྱིས་གཏམ་བཤད།