མཚོ་སྔོན་འཐུས་ཚབ་ཚོགས་པས་ཟི་ལིང་དང་མཚོ་ཤར་གྱི་གྲོང་ཁྱེར་ཚོགས་གཞི་གཅིག་ཅན་གྱི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱ་རྒྱུའི་གྲོས་གཞི་བཏོན་པ།
གྲོང་ཁྱེར་ཁྱུ་དང་གྲོང་ཁྱེར་ཚོགས་ཉིན་རེ་བཞིན་གསར་དར་གྲོང་རྡལ་ཅན་གྱི་རྣམ་པ་གཙོ་བོ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐབས་ཤེས་གཙོ་བོར་འགྱུར་བཞིན་ཡོད། ཟི་ལིང་དང་མཚོ་ཤར་གྲོང་ཁྱེར་ཚོགས་ནི་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་དང་། མི་འབོར། རིག་གནས། གསར་གཏོད་སོགས་རྒྱུ་རྐྱེན་གྱི་ཐེག་གནས་གཙོ་བོ་ཡིན་ཞིང་། ཆུ་ཚད་མཐོན་པོས་གཞི་གཅིག་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དེ་ཞིང་ཆེན་ཡོངས་ཀྱི་སྣེ་ཁྲིད་ནས་མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལམ་བུར་བསྐྱོད་པར་ཕན་པ་དང་། འཕེལ་རྒྱས་གྲུབ་འབྲས་དེ་ཞིང་ཆེན་ཡོངས་ཀྱི་མི་རིགས་སོ་སོའི་མང་ཚོགས་ཀུན་ལ་ཕན་ཐོགས་ཡོད།
རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པར་ཞུགས་པའི་མཚོ་སྔོན་འཐུས་ཚབ་ཚོགས་པས་ཟི་ལིང་དང་མཚོ་ཤར་གྱི་གྲོང་ཁྱེར་ཚོགས་གཞི་གཅིག་ཅན་གྱི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱ་རྒྱུའི་གྲོས་གཞི་བཏོན
གྲོས་གཞིའི་ཁྲོད། ཟི་ལིང་དང་མཚོ་ཤར་གྱི་གྲོང་ཁྱེར་ཚོགས་ཀྱིས་མཚོ་སྔོན་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ཁྲོད་གོ་གནས་གལ་ཆེན་ཟིན་ཡོད་ལ། རང་ཞིང་གི་སྔར་ལས་གལ་ཆེ་བ་གསུམ་གྱི་འཐབ་ཇུས་ཀྱི་གོ་གནས་སྲ་བརྟན་དང་མཐོར་འདེགས་གཏོང་བ་དང་། འཕེལ་རྒྱས་ཀྱི་རྣམ་པ་གསར་པར་སྔར་ལས་ལྷག་པར་ཞབས་འདེགས་ཞུ་བ་དང་དེའི་ཁྲོད་མཉམ་འདྲེས་བྱེད་པར་དོན་སྙིང་གལ་ཆེན་ལྡན་པས། རྒྱལ་ཁབ་ཀྱིས་ཁུལ་ཁོངས་ཀྱི་ནུས་པ་གཙོ་བོའི་ངེས་གནས་ལ་རྐང་འཛུགས་ཏེ། རང་ཞིང་གི་ཟི་ལིང་དང་མཚོ་ཤར་གྲོང་ཁྱེར་ཚོགས་གཞི་གཅིག་ཅན་གྱི་འཕེལ་རྒྱས་དེ་རྒྱལ་ཡོངས་དེང་རབས་ཅན་གྱི་་གྲོང་ཁྱེར་ཚོགས་སྐྱེད་སྲིང་འགུལ་སྐྱོད་ཁྱབ་ཁོངས་སུ་འཇོག་རྒྱུ་དང་། ཟི་ལིང་དང་མཚོ་ཤར་གྲོང་ཁྱེར་ཚོགས་གཞི་གཅིག་ཅན་ཚོད་ལྟའི་ཁུལ་གྱི་ཐཱན་མེད་ཐོན་ལས་གླིང་འཛུགས་པར་རྒྱབ་སྐྱོར་བྱས་ནས། གླིང་ཁུལ་གྱི་ཐཱན་མེད་འཕེལ་རྒྱས་ཀྱི་ངེས་གནས་མངོན་འགྱུར་བྱ་རྒྱུ། གྲོང་ཁྱེར་ཚོགས་མགྱོགས་མྱུར་ངང་ཙོང་ཆུའི་འབབ་རྒྱུད་ཀྱི་རི་ཆུ་ནགས་ཞིང་མཚོ་རྩྭ་བྱེ་ས་གཞི་གཅིག་ཅན་ལ་སྲུང་སྐྱོབ་དང་མ་ལག་བཅོས་སྐྱོང་། ཟི་ལིང་གི་ལྷོ་བྱང་རི་དང་མཚོ་ཤར་གྱི་ལྷོ་བྱང་རིའི་རྒྱལ་ཁོངས་ལྗང་བསྒྱུར་སྲ་བརྟན་དང་མཐོར་འདེགས་གཏོང་བར་རྒྱབ་སྐྱོར་བྱས་ཏེ། རྨ་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་བདེ་འཇགས་ལ་འདེགས་སྐྱོར་བྱ་རྒྱུ། གྲོང་ཁྱེར་ཚོགས་ནས་དག་གཙང་ནུས་ཁུངས་དང་གཞི་གྲངས་དཔལ་འབྱོར་མཉམ་འདྲེས་འཕེལ་རྒྱས་ཀྱི་བགྲོད་ལམ་གསར་པ་འཚོལ་ཞིབ་བྱེད་པར་རྒྱབ་སྐྱོར་བྱས་ནས། རང་ཞིང་འདི་ཉིད་རྒྱལ་ཡོངས་གཞི་གཅིག་ཅན་གྱི་རྩིས་ཤུགས་དྲ་རྒྱའི་རྒྱལ་ཁབ་ཀྱི་འགག་རྩའི་རིམ་པར་འཇོག་རྒྱུར་རྨང་གཞི་འདིང་རྒྱུའི་རེ་བ་བཏོན་ཡོད།