ཞི་ཅིན་ཕིང་གིས་སྲིད་གྲོས་ཚོགས་འདུར་ཞུགས་པའི་ཀྲུང་གོ་གོ་མིན་ཏང་གསར་པརྗེ་ཨུ་ཡོན་ལྷན་ཁང་དང་ཚན་རྩལ་ལས་རིགས། ཁོར་ཡུག་ཐོན་ཁུངས་ལས་རིགས་བཅས་ཀྱི་ཨུ་ཡོན་ལ་འཚམས་འདྲི་གནང་།
ཟླ3པའི་ཚེས6ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པར་ཞུགས་པའི་ཀྲུང་གོ་གོ་མིན་ཏང་གསར་པརྗེ་ཨུ་ཡོན་ལྷན་ཁང་དང་ཚན་རྩལ་ལས་རིགས། ཁོར་ཡུག་ཐོན་ཁུངས་ལས་རིགས་བཅས་ཀྱི་ཨུ་ཡོན་ལ་འཚམས་འདྲི་གནང་བ་དང་། མཉམ་འབྲེལ་ཚན་ཆུང་གི་ཚོགས་འདུར་ཞུགས་ནས་བསམ་འཆར་དང་གྲོས་གཞིར་གསན། ཁོང་གིས་མི་དམངས་སྲིད་གྲོས་ཀྱི་ཏང་ཁག་སོ་སོ་དང་ཚོགས་པ་སོ་སོ། མི་རིགས་སོ་སོ། ལས་རིགས་སོ་སོ། ཕྱོགས་ཁག་སོ་སོ་བཅས་ཀྱི་མི་སྣས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པས་བཏོན་པའི་འཐབ་ཇུས་ལས་འགན་གལ་ཆེན་དང་ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་ཀྱི་བཀོད་སྒྲིག་ལ་དམ་པོར་དམིགས་ཏེ། བརྟག་དཔྱད་ཞིབ་འཇུག་ཟབ་མོ་བྱེད་རྒྱུ་དང་བློ་འདོན་ཇུས་འབུལ་གང་ལེགས་བྱེད་པ། ཐུན་མོང་གི་ངོས་འཛིན་རྒྱ་ཁྱབ་ངང་གཅིག་སྡུད་བཅས་བྱས་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་གསུངས།
ཞི་ཅིན་ཕིང་གིས“གསུམ་བརྒྱད”རྒྱལ་སྤྱིའི་ངལ་རྩོལ་བུད་མེད་དུས་ཆེན་སླེབས་ལ་ཉེ་བའི་སྐབས་དང་བསྟུན་ནས། ཀྲུང་གུང་ཀྲུང་དབྱང་གི་ཚབ་མཛད་དེ་རྒྱལ་ཡོངས་ཀྱི་ཚོགས་ཆེན་གཉིས་ལ་ཞུགས་པའི་བུད་མེད་འཐུས་མི་དང་བུད་མེད་ཨུ་ཡོན། བུད་མེད་ལས་བྱེད་མི་སྣ། རྒྱལ་ཡོངས་མི་རིགས་སོ་སོ་དང་ལས་རིགས་སོ་སོའི་བུད་མེད། ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་དང་ཨ་མིན་དམིགས་བསལ་སྲིད་འཛིན་ཁུལ། ཐའེ་ཝན་ས་ཁུལ་བཅས་ཀྱི་བུད་མེད་སྤུན་ཟླ། ཕྱི་རྒྱལ་དུ་ཡོད་པའི་བུད་མེད་ཕྱིར་སྡོད་རང་མི་བཅས་ལ་དུས་ཆེན་གྱི་རྟེན་འབྲེལ་དང་སྨོན་འདུན་ཞུས།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་གཞུང་སྒྲུབ་ཐིན་གྱི་ཀྲུའུ་རིན་ཚའེ་ཆི་འཚམས་འདྲི་དང་གྲོས་སྡུར་ལ་ཞུགས།
མཉམ་འབྲེལ་ཚན་ཆུང་གི་ཚོགས་འདུའི་སྟེང་དུ་ཞ་ཞན་ཕིན་དང་ཐེན་ཧུང་ཆི། ཝུའུ་ཅན་ཕིང་། ཀྲའོ་ཡུས་ལེང་། ཧོང་མེན་སུང་། ཧུའུ་སུང་ཆིན་བཅས་ཨུ་ཡོན་དྲུག་གིས་མཚོ་འགག་འགྲམ་གཉིས་ཀྱི་ཐོན་ལས་ཕྲེང་འབྲེལ་མཉམ་ལས་ལ་ཤུགས་སྣོན་པ་དང་བློ་བརྟན་འགྱུར་མེད་ངང་མེས་རྒྱལ་ཡོངས་སུ་གཅིག་གྱུར་ཡོང་བར་སྐུལ་འདེད་གཏོང་བ། མཉམ་འབྲེལ་དྲ་བའི་ལྟེ་བའི་ལག་རྩལ་གྱིས་དྲ་རྒྱའི་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འདེགས་སྐྱོར་བྱེད་པ། ཚན་རྩལ་གསར་གཏོད་ཀྱི་གྲུབ་འབྲས་ཐོན་ལས་ཅན་དུ་བསྒྱུར་བར་སྐུལ་འདེད་གཏོང་བ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཐོན་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། བཙོག་རྫས་གསར་པ་བཅོས་སྐྱོང་ལ་ཤུགས་སྣོན་པ་སོགས་ལ་དམ་པོར་དམིགས་ཏེ་གཏམ་བཤད།
ཞི་ཅིན་ཕིང་གིས་ཚང་མའི་གཏམ་བཤད་ལ་ནན་ཏན་ངང་གསན་རྗེས་གསུང་བཤད་གལ་ཆེན་གནང་། ཁོང་གིས་ཚང་མ་དང་མཉམ་དུ་གྲོས་སྡུར་བརྗེ་རེས་མཛད་ནས་བསམ་འཆར་དང་གྲོས་གཞིར་ཉན་པས་ཧ་ཅང་དགའ་ཚོར་སྐྱེས་བྱུང་ཞེས་གསུངས། ཁོང་གིས་ཀྲུང་གུང་ཀྲུང་དབྱང་གི་ཚབ་མཛད་ནས་དེར་ཡོད་ཨུ་ཡོན་རྣམ་པ་དང་། རྒྱ་ཆེའི་ཀྲུང་གོ་གོ་མིན་ཏང་གསར་པརྗེ་ཨུ་ཡོན་ལྷན་ཁང་གི་ཁོངས་མི། ཚན་རྩལ་ལས་རིགས། ཁོར་ཡུག་ཐོན་ཁུངས་ལས་རིགས་ཀྱི་མི་སྣ། རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་བཅས་ལ་ལྷག་བསམ་ཟོལ་མེད་ཀྱི་སྒོ་ནས་འཚམས་འདྲི་གནང་།
ཞི་ཅིན་ཕིང་གིས2023ལོ་ནི་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་བྱེད་མགོ་བརྩམས་པའི་ལོ་ཡིན། ཀྲུང་གུང་ཀྲུང་དབྱང་གིས་ཏང་ཡོངས་དང་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ། བརྟན་ཐོག་ཡར་འཕེལ་གྱི་བྱ་བའི་སྤྱིའི་དགོངས་གཞི་རྒྱུན་འཁྱོངས་བྱས་པ་དང་། པྲོག་གསར་རིམས་ནད་མགོག་སྡོམ་གྱི་མཚམས་སྒྱུར་བློ་ཐག་རྦད་ཆོད་ཀྱིས་ལག་བསྟར་བྱས་ལ། དཔལ་འབྱོར་སླར་གསོ་དང་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བར་མ་ཟད། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བློ་བརྟན་འགྱུར་མེད་ངང་སྐུལ་འདེད་བཏང་བ་དང་། ད་དུང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྔོན་དཔག་དམིགས་འབེན་གཙོ་བོ་བདེ་བླག་ངང་མངོན་འགྱུར་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་ཐད་གོམ་སྟབས་བརྟན་པོ་སྤོས་ཡོད། གྲུབ་འབྲས་འདི་དག་ནི་ལས་སླ་མོའི་སྒོ་ནས་ཐོབ་ཐུབ་པ་ཞིག་གཏན་ནས་མིན་པར། དེ་ནི་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཀྱིས་རྡོག་རྩ་གཅིག་སྒྲིལ་དང་བློ་བརྟན་འགྱུར་མེད་ངང་འབད་བརྩོན་བྱས་པའི་འབྲས་བུ་ཡིན་ལ། གྲུབ་འབྲས་འདི་དག་གི་ཁྲོད་དུ་རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་གྱི་སེམས་ཤུགས་དང་བློ་གྲོས་ཀྱང་འདུས་ཡོད་ཅེས་ནན་གྱིས་གསུངས།
ཞི་ཅིན་ཕིང་གིས་འདས་ཟིན་པའི་ལོ་གཅིག་གི་རིང་ལ། ཀྲུང་གོ་གོ་མིན་ཏང་གསར་པརྗེ་ཨུ་ཡོན་ལྷན་ཁང་གིས “སེམས་ཤུགས་ཡོད་རྒུས་བློ་སྒྲིལ་སེམས་སྐྱེད་ཀྱིས་གཞི་རྩ་ཇེ་བརྟན་དུ་གཏོང་བ་དང་མཐུན་སྒྲིལ་ཡར་བརྩོན་སྒོས་སྐྱོད་ལམ་གསར་པ་རུ་ཞུགས་པ”ཞེས་པའི་བརྗོད་དོན་སློབ་གསོ་ཟབ་སྤེལ་བྱས་ནས། ཆབ་སྲིད་གྲོས་མོལ་དང་སྲིད་ཞུགས་སྲིད་གླེང་ལ་སྐུལ་འདེད་ནན་མོ་བཏང་སྟེ། འབྲི་ཆུའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ལྟ་སྐུལ་ལས་དོན་ཁྲོད་རྒྱུན་མཐུད་ངང་ཞུགས་ནས། མཚོ་འགག་འགྲམ་གཉིས་ཀྱི་དཔལ་འབྱོར་དང་རིག་གནས་བརྗེ་རེས་ལ་སྐུལ་འདེད་གང་ལེགས་བཏང་ཡོད། རྒྱ་ཆེའི་ཚན་རྩལ་ལས་རིགས་ཀྱི་མི་སྣས་ཚན་རྩལ་སྒྲིག་སྲོལ་བཅོས་སྒྱུར་བྱེད་པར་རྒྱབ་སྐྱོར་ནུས་ལྡན་བྱས་པ་དང་། ཚན་རྩལ་གསར་གཏོད་ཁྲོད་འབད་པས་ཞུགས་ཡོད། རྒྱ་ཆེའི་ཁོར་ཡུག་ཐོན་ཁུངས་ལས་རིགས་ཀྱི་མི་སྣས་ཆེད་ལས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ནས། འཕེལ་རྒྱས་གཏོང་སྟངས་ལྗང་མདོག་ཚུལ་སྒྱུར་ལ་སྐུལ་འདེད་གཏོང་བའི་ཁྲོད་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱས་ཡོད་ཅེས་གསུངས།
ཞི་ཅིན་ཕིང་གིས་ཀྲུང་གོ་གོ་མིན་ཏང་གསར་པརྗེ་ཨུ་ཡོན་ལྷན་ཁང་གིས་ཐའེ་ཝན་བྱ་བའི་ཁྱོན་ཡོངས་ཁྲོད་དུ་གནས་བབ་གཏན་འཁེལ་ཡང་དག་བྱེད་པ་དང་ལེགས་ཆ་འདོན་སྤེལ་གང་ལེགས་བྱེད་པ། འབད་འབུངས་ཧུར་ཐག་བྱེད་པ་བཅས་ཀྱི་སྒོ་ནས་རྒྱལ་ཁབ་ཕྱི་ནང་དང་གླིང་ཕྲན་ཕྱི་ནང་གི་མཐུན་སྒྲིལ་བྱེད་རུང་བའི་རྒྱལ་གཅེས་སྟོབས་ཤུགས་མཐའ་དག་ལ་སྔར་ལས་མཐུན་སྒྲིལ་ཡག་པོ་བྱས་ཏེ། “རང་བཙན”ལ་ངོ་རྒོལ་དང་གཅིག་གྱུར་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་རྒྱུན་ཆད་མེད་པར་ཇེ་ཆེར་བཏང་ནས། མཉམ་དུ་མེས་རྒྱལ་ཞི་བས་གཅིག་གྱུར་ཡོང་བའི་འཕེལ་རིམ་ལ་སྐུལ་འདེད་གཏོང་དགོས། མཚོ་འགག་འགྲམ་གཉིས་ཀྱི་ཚན་རྩལ་དང་ཞིང་ལས། མི་གཞུང་རིག་གནས། གཞོན་ནུ་འཕེལ་རྒྱས་སོགས་ཁྱབ་ཁོངས་ཀྱི་བརྗེ་རེས་མཉམ་ལས་ལ་སྐུལ་འདེད་ཆེན་པོ་བཏང་ནས། མཚོ་འགག་འགྲམ་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་བར་མཉམ་འདྲེས་སྔར་ལས་ཟབ་མོ་ཡོང་བར་འབད་དགོས་ཞེས་ནན་གྱིས་གསུངས།
ཞི་ཅིན་ཕིང་གིས་ཚན་རྩལ་ལས་རིགས་ཀྱི་ཨུ་ཡོན་དང་རྒྱ་ཆེའི་ཚན་རྩལ་ལས་བྱེད་པས་ཚན་རིག་སློབ་གསོར་བརྟེན་ནས་རྒྱལ་ཁབ་དར་རྒྱས་གཏོང་བའི་འདུན་པ་སྔར་ལས་ཇེ་དྲག་ཏུ་གཏོང་བ་དང་། ཚན་རྩལ་གསར་གཏོད་ཀྱི་འགན་འཁྲི་ལྕི་མོ་འཁུར་ཕོད་པར་བྱེད་པ། རྨང་གཞིའི་ཞིབ་འཇུག་དང་ཉེར་སྤྱོད་རྨང་གཞིའི་ཞིབ་འཇུག་ལ་ཤུགས་སྣོན་པ། གནད་འགག་དང་ལྟེ་བར་གྱུར་པའི་ལག་རྩལ་གྱི་མཁྲེགས་གཏོར་དམག་འཐབ་ཡག་པོར་རྒྱག་པ། ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་བའི་སྒུལ་ནུས་གསར་པ་སྐྱེད་སྲིང་བཅས་བྱེད་དགོས། དངོས་གཉེར་དང་བློ་འདོན་ཇུས་འབུལ་བྱས་ནས། ཚན་རྩལ་སྒྲིག་སྲོལ་བཅོས་སྒྱུར་དང་འཇོན་མི་འཕེལ་རྒྱས་ཀྱི་སྒྲིག་སྲོལ་ལམ་སྲོལ་བཅོས་སྒྱུར་ཟབ་སྤེལ་ལ་སྐུལ་འདེད་གཏོང་བ་དང་། ཚན་རྩལ་གདེང་འཇོག་མ་ལག་དང་ཡར་སྐུལ་རྐྱེན་སྲོལ་སྔར་ལས་འཐུས་ཚང་དུ་གཏོང་བ། རིགས་སོ་སོའི་འཇོན་མིའི་གསར་གཏོད་གསོན་ཤུགས་དང་སྦས་ཤུགས་སྔར་ལས་འཕེལ་བར་བྱེད་པ་བཅས་ལ་འབད་དགོས་ཞེས་གསུངས།
ཞི་ཅིན་ཕིང་གིས་རྒྱ་ཆེའི་ཁོར་ཡུག་ཐོན་ཁུངས་ལས་རིགས་ཀྱི་ཨུ་ཡོན་ཚོས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་ཤུགས་སྣོན་པ་དང་། ཆུ་ཚད་མཐོ་བའི་སྲུང་སྐྱོབ་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འདེགས་སྐྱོར་བྱེད་པའི་ཐད་བྱས་རྗེས་གསར་པ་འཇོག་དགོས། རྒྱལ་ཁོངས་བར་སྟོང་གསར་སྤེལ་སྲུང་སྐྱོབ་ཀྱི་ཚད་མཐའ་བརྟན་སྲུང་བྱས་ནས། སྐྱེ་ཁམས་ཁོར་ཡུག་ཁུལ་དབྱེ་དོ་དམ་ཚོད་འཛིན་མ་ལག་སྔར་ལས་འཐུས་ཚང་དུ་བཏང་སྟེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྐྱེ་ཁམས་རྨང་གཞི་སྔར་ལས་ཇེ་བརྟན་དུ་གཏོང་དགོས། གནད་ཁེལ་བཙོག་བཅོས་དང་ཚན་རིག་དང་མཐུན་པའི་སྒོ་ནས་བཙོག་བཅོས་བྱེད་པ། ཁྲིམས་མཐུན་ལྟར་བཙོག་བཅོས་བྱེད་པ་བཅས་ཀྱི་བྱེད་ཕྱོགས་ཁྱོན་ཡོངས་ནས་དོན་འཁྱོལ་གནད་སྨིན་བྱེད་དགོས་ལ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལྗང་མདོག་ཅན་དང་ཐཱན་ཉུང་ཅན་དུ་བསྒྱུར་བར་སྐུལ་འདེད་གཏོང་བ། ཐོན་ཁུངས་གྲོན་ཆུང་དང་ལེགས་བསྡུས་ཞིབ་གཉེར་འཁོར་སྐྱོད་བེད་སྤྱོད་ལ་ཤུགས་སྣོན་པ། སྐྱེ་ཁམས་ཐོན་རྫས་ཀྱི་རིན་ཐང་མངོན་འགྱུར་ཐབས་ལམ་རྒྱ་སྐྱེད་གཏོང་བ། ཐཱན་རྩེར་སོན་དང་ཐཱན་སྙོམས་སྦྱོར་ཡོང་བར་བརྟན་བརླིང་ངང་སྐུལ་འདེད་གང་ལེགས་གཏོང་བ་བཅས་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྒུལ་ནུས་གསར་པ་སྣོན་པ་དང་དགེ་མཚན་གསར་པ་བསྐྲུན་དགོས་ཞེས་ནན་གྱིས་གསུངས།
ཞི་ཅིན་ཕིང་གིས་ད་ལོ་ནི་མི་དམངས་སྲིད་གྲོས་བཙུགས་ནས་ལོ75འཁོར་བའི་ལོ་ཡིན། མི་དམངས་སྲིད་གྲོས་ཀྱིས་སྲོལ་རྒྱུན་བཟང་པོ་དར་སྤེལ་གཏོང་བ་དང་ཆབ་སྲིད་ཀྱི་འགན་འཁྲི་བློ་ལ་བརྟན་པོར་ངེས་པར་བྱེད་པ། བསམ་བློ་ཆབ་སྲིད་ཀྱི་ཁྲིད་སྟོན་ལ་ཤུགས་སྣོན་པ། ཆེད་དོན་གྲོས་མོལ་ལས་ཁུངས་ཀྱི་ལམ་ལུགས་འཛུགས་སྐྲུན་ལ་ཤུགས་སྣོན་པ། རང་ངོས་འཛུགས་སྐྲུན་ལ་ཤུགས་སྣོན་པ་བཅས་བྱས་ཏེ། སྲིད་གྲོས་ཨུ་ཡོན་རང་ངོས་ཀྱི་བྱང་ཚད་དང་འགན་འཁྲི་སྒྲུབ་ནུས་མངོན་སུམ་གྱིས་ཇེ་ཆེར་བཏང་ནས། དུས་རབས་གསར་པའི་སྲིད་གྲོས་ལས་དོན་དང་ཏང་མང་མཉམ་ལས་ལས་དོན་གྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་བསྐྲུན་དགོས་ཞེས་གསུངས།
ཧྲི་ཐའེ་ཧྥུན་དང་ཀྲིན་ཅན་པང་། ཧུའུ་ཁྲུན་ཧྭ། ཝང་ཏུང་ཧྥུན། ཧི་པའོ་ཞང་སོགས་མཉམ་འབྲེལ་ཚན་ཆུང་གི་ཚོགས་འདུར་ཞུགས།