ཨུ་ཡོན་རྡོ་རྗེ་རབ་བརྟན་གྱིས་འབྲི་ཆུ་ཚྭ་འདམ་གཞོང་དུ་འདྲེན་པའི་ཆུ་འདྲེན་བཟོ་སྐྲུན་ལ་མགྱོགས་མྱུར་ངང་སྐུལ་འདེད་གཏོང་རྒྱུའི་གྲོས་གཞི་བཏོན་པ།
འབྲི་ཆུ་ཚྭ་འདམ་གཞོང་དུ་འདྲེན་པའི་ཆུ་འདྲེན་བཟོ་སྐྲུན་དེ་ཚྭ་འདམ་གཤོང་སའི་ས་ཞིང་ཐོན་ཁུངས་བེད་སྤྱོད་གང་ལེགས་བྱེད་པ་དང་། ཚྭ་མཚོའི་གཏེར་ཁའི་ཐོན་ཁུངས་རྒྱུན་མཐུད་ངང་སྔོག་འདོན་བྱེད་པ་དང་ཅཱ་ལུད་ཐོན་སྐྱེད་བྱེད་པ། རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་ལ་འགན་སྲུང་བྱེད་པ། ཉེན་ཁ་དང་འགྲན་སློང་ལ་ཁ་གཏད་འཇལ་བ། སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་པ། ཁུལ་ཁོངས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། བོད་ལྗོངས་དང་ཞིན་ཅང་བརྟན་འཇགས་ཡོང་བར་བྱེད་པའི་ཁུལ་གནས་ཀྱི་དགེ་མཚན་འདོན་སྤེལ་བྱེད་པ་བཅས་ལ་འཐབ་ཇུས་ཀྱི་དོན་སྙིང་གལ་ཆེན་ལྡན་པས། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པར་ཞུགས་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་རྡོ་རྗེ་རབ་བརྟན་གྱིས་འབྲི་ཆུ་ཚྭ་འདམ་གཞོང་དུ་འདྲེན་པའི་ཆུ་འདྲེན་བཟོ་སྐྲུན་ལ་མགྱོགས་མྱུར་ངང་སྐུལ་འདེད་གཏོང་རྒྱུའི་གྲོས་གཞི་བཏོན།
རྡོ་རྗེ་རབ་བརྟན་གྱིས་བལྟས་ན། ཚྭ་འདམ་གཤོང་སར་རིན་ཆེན་ཀུན་འདུས་གཞོང་བ་ཞེས་ཟེར་ཞིང་། གཤོང་སར་ཚ་འོད་ཐོན་ཁུངས་ཕུན་སུམ་ཚོགས་པ་དང་། མུའུ་རེའི་ཆེས་མཐོའི་འབྲུ་རིགས་ཐོན་ཚད་སྤྱི་རྒྱ་སྟོང་གཅིག་ལྷག་ལ་སླེབས། ཞིབ་བཤེར་བྱས་པ་ལྟར་ན། ས་རྒོད་དུ་ལུས་པའི་རྨོ་ཞིང་སྤྱི་ཆིང་ཁྲི་གཉིས་དང་ཞིང་ལས་ལ་འཚམ་པའི་ས་རྒོད་སྤྱི་ཆིང་འབུམ་གཉིས་དང་ཁྲི་དྲུག་སྟོང་དྲུག་དང་བདུན་བརྒྱ་གསར་སྤེལ་བྱས་ཡོད་པ་དང་། དེའི་ཁྲོད། ཚྭ་འདམ་གཤོང་སའི་བ་ཚྭ་ཁུལ་གྱི་ས་རྒོད་རྒྱ་ཁྱོན་སྤྱི་ཆིང་འབུམ་གཉིས་དང་ཁྲི་གཅིག་ལྔ་བརྒྱ་སྐྱེ་ཁམས་སླར་གསོ་ཁུལ་གྱི་གྲས་སུ་བཞག་པ་དང་། དེ་གཙོ་བོ་གཤོང་སའི་ཤར་རྒྱུད་དང་ནུབ་རྒྱུད་དུ་ཁྱབ། ས་རྒྱུ་གཙོ་བོར་བཟུང་ཞིང་། ས་རིམ་མཐུག་པས་རྨོ་འདེབས་བྱེད་པར་འཚམ་ལ། མིག་སྔར་རྒྱལ་ཁབ་ལ་ཡར་ཞུ་བྱས་ནས་དེ་ཚང་མ་རང་ཞིང་གི་རྨོ་ཞིང་གི་རྗེས་གྲབས་ཐོན་ཁུངས་གྲས་སུ་འཇོག་གྲབས་ཡོད། འོན་ཀྱང་ཚྭ་འདམ་གཤོང་སའི་སྐྱེ་ཁམས་ཁོར་ཡུག་ཞན་ལ་ཆུའི་ཐོན་ཁུངས་དཀོན་པས། མཚོ་སྔོན་ཞིང་ཆེན་གྱིས་ཁྱོན་ཡོངས་དམ་འཛིན་དང་། ཞིབ་འཇུག་གཏིང་ཟབ། བརྡར་གཅོད་ཡང་ཡང་བྱས་ཏེ། འབྲི་ཆུ་ཚྭ་འདམ་གཞོང་དུ་འདྲེན་པའི་ཆུ་འདྲེན་བསམ་ཕྱོགས་བཏོན་ཡོད
རྡོ་རྗེ་རབ་བརྟན་གྱིས་རྒྱལ་ཁབ་ཀྱིས་འབྲི་ཆུ་ཚྭ་འདམ་གཞོང་དུ་འདྲེན་པའི་བཟོ་སྐྲུན་དེ་རྒྱལ་ཁབ་ཁུལ་ཁོངས་ཀྱི་ཆུ་དྲའི་འཛུགས་སྐྲུན་འཆར་གཞིའི་ཁྲོད་འཇོག་པ་དང་། རྒྱལ་ཁབ་ཀྱི་ངོས་ནས་བཟོ་སྐྲུན་སྔོན་གྱི་བྱ་བ་དང་རྣམ་གྲངས་འཛུགས་སྐྲུན་ལ་མགྱོགས་མྱུར་ངང་སྐུལ་འདེད་གཏོང་བར་རྒྱབ་སྐྱོར་བྱས་ཏེ་སྔ་ཙམ་ནས་ཕན་ནུས་འདོན་སྤེལ་བྱེད་རྒྱུ་དང་། ཚྭ་འདམ་གཤོང་སའི་སྐྱེ་ཁམས་སྲུང་སྐྱོབ་དང་། ས་ཞིང་ཐོན་ཁུངས་ལུགས་མཐུན་གསར་སྤེལ། རྒྱལ་ཁབ་རིམ་པའི་ཅཱ་ལུད་ཀྱི་རྟེན་གཞི་འཛུགས་སྐྲུན་བཅས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བླང་བྱར་བསམ་གཞིགས་གང་ལེགས་བཏང་སྟེ། མཚོ་སྔོན་གྱི་འབྲི་ཆུའི་འབབ་རྒྱུད་ཀྱི་ཆུ་བཀོལ་བའི་དམིགས་ཚད་ཇེ་མང་དུ་གཏོང་རྒྱུ་མ་ཟད་འབྲི་ཆུའི་འབབ་རྒྱུད་ཀྱི་ཆུ་བགོ་བའི་ཇུས་གཞིའི་གྲས་སུ་འཇོག་རྒྱུའི་གྲོས་གཞི་བཏོན།