ཨུ་ཡོན་ལིས་ཆིན་གྱིས་ཐོན་ཁུངས་ཁོར་ཡུག་གི་རྩིས་བཤེར་ཕན་འབྲས་མཐོར་འདེགས་བཏང་ནས་ཐཱན་གཉིས་དམིགས་འབེན་མངོན་འགྱུར་ལ་རོགས་འདེགས་བྱ་རྒྱུའི་གྲོས་གཞི་བཏོན་པ།
ཉེ་བའི་ལོ་འགའི་རིང་། རྒྱལ་ཁབ་རྩིས་བཤེར་སྡེ་ཁག་གིས་རང་བྱུང་ཐོན་ཁུངས་དང་སྐྱེ་ཁམས་སྲུང་སྐྱོབ་ཀྱི་རྩིས་བཤེར་བྱ་བའི་རྣམ་པ་གསར་གཏོད་བྱས་པ་དང་། རྩིས་བཤེར་ལྟ་སྐུལ་བྱེད་ཤུགས་ཇེ་ཆེར་བཏང་ནས་རྒྱལ་ཁབ་ཀྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་ཧུར་ཐག་གིས་སྐུལ་འདེད་བཏང་། འདིའི་ཐད་ནས་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པར་ཞུགས་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ལིས་ཆིན་གྱིས་ཐོན་ཁུངས་ཁོར་ཡུག་གི་རྩིས་བཤེར་ཕན་འབྲས་མཐོར་འདེགས་བཏང་ནས་ཐཱན་གཉིས་ཀྱི་དམིགས་འབེན་མངོན་འགྱུར་འབྱུང་བར་རོགས་འདེགས་བྱ་རྒྱུའི་གྲོས་གཞི་བཏོན།
གྲོས་གཞིའི་ནང་བཤད་རྒྱུར། མཚོ་སྔོན་ཞིང་ཆེན་གྱིས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་བཟོ་སྐྲུན་དང་། མདོ་ལ་རི་བོའི་སྐྱེ་ཁམས་སྲུང་སྐྱོབ་དང་ཕྱོགས་བསྡུས་བཅོས་སྐྱོང་བཟོ་སྐྲུན་སོགས་ཀྱི་སྐྱེ་ཁམས་རྣམ་གྲངས་གཙོ་བོ་དག་རྩིས་བཤེར་འཆར་འགོད་ལག་བསྟར་བྱེད་ཁོངས་གཙོ་བོའི་ཁྲོད་བཞག་པ་དང་། རྩིས་བཤེར་ལྟ་སྐུལ་བྱེད་ཤུགས་ཇེ་ཆེར་བཏང་བ་བརྒྱུད་སྐྱེ་ཁམས་ཐོན་ཁུངས་བེད་སྤྱོད་བྱེད་ཚད་རྒྱུན་ཆད་མེད་པར་མཐོར་འདེགས་བཏང་སྟེ། མཚོ་སྔོན་འདི་ཉིད་རྒྱལ་ཁབ་ཀྱི་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་སར་བསྐྲུན་པའི་མགྱོགས་ཚད་ལ་ཡར་སྐུལ་བྱས་ཡོད། ཡིན་ནའང་ཐོན་ཁུངས་ཁོར་ཡུག་གི་རྩིས་བཤེར་གྱི་ཆེད་ལས་རང་བཞིན་དྲག་ཅིང་། ཞིབ་ཕྲ་དང་གཞི་རྒྱ་ཆེ་བའི་གཞི་གྲངས་ལ་འབྲེལ་སྟབས། ཆེད་ལས་ཀྱི་བཀག་རྒྱའི་རང་བཞིན་དང་གཞི་གྲངས་ཀྱི་རྙོག་འཛིང་རང་བཞིན་གྱི་ཁྱད་ཆོས་ལྡན། དེ་དང་མཉམ་དུ། སྲོལ་རྒྱུན་གྱི་རྩིས་བཤེར་ཐབས་ལམ་གྱིས་ས་ཁུལ་གྱི་སྐྱེ་ཁམས་རིན་ཐང་དང་དེའི་འགྱུར་ཚད་ལ་ཚོད་རྩིས་དང་གདེང་འཇོག་བྱེད་མི་ཐུབ་པས། རང་བྱུང་ཐོན་ཁུངས་ཀྱི་བརྡ་འཕྲིན་གཞི་གྲངས་དང་ཁོར་ཡུག་ལྟ་ཞིབ་ཚད་ལེན་གཞི་གྲངས་མང་པོའི་མདུན་ནས་ནུས་པ་གང་ལེགས་འདོན་སྤེལ་བྱེད་དཀའ་ཟེར།
ལིས་ཆིན་གྱིས་རྒྱལ་ཁབ་རྩིས་བཤེར་སྡེ་ཁག་གིས་སྣེ་ཁྲིད་དེ། རང་བྱུང་ཐོན་ཁུངས་དང་། སྐྱེ་ཁམས་ཁོར་ཡུག རྩྭ་ས་དང་ནགས་ལས་སོགས་འབྲེལ་ཡོད་སྡེ་ཁག་དང་མཐུན་སྦྱོར་བྱས་ནས། རྒྱལ་ཡོངས་ཀྱི་མཉམ་སྐྲུན་མཉམ་སྤྱོད་ཀྱི་ཕྱོགས་བསྡུས་བེད་སྤྱོད་སྟེགས་བུ་འཆར་འགོད་བྱས་ཏེ་བསྐྲུན་པ་དང་། ཐོན་ཁུངས་ཀྱི་མཛོད་དང་རྣམ་གྲངས་ཀྱི་མཛོད། དཔེ་དབྱིབས་ཀྱི་མཛོད། གནད་དོན་གྱི་མཛོད། དོ་དམ་གྱི་མཛོད་སོགས་གཞི་གྲངས་ཐོན་ཁུངས་མ་ལག་འཛུགས་རྒྱུ་དང་། སྡེ་ཁག་གི་མཐུན་སྦྱོར་མཉམ་འགུལ་ལ་ཤུགས་བསྣན་ནས། ཐོན་ཁུངས་ཁོར་ཡུག་གི་རྩིས་བཤེར་མཉམ་འབྲེལ་བྱ་བའི་མ་ལག་གྲུབ་པར་སྐུལ་འདེད་གཏོང་རྒྱུ། ཐོན་ཁུངས་ཁོར་ཡུག་གི་རྩིས་བཤེར་ཚད་གཞི་གཅིག་གྱུར་བྱས་ཏེ། ཚད་ལྡན་ཅན་གྱི་ཐོན་ཁུངས་ཁོར་ཡུག་གི་རྩིས་བཤེར་ཟབ་མོར་སྤེལ་རྒྱུ། གཞི་གྲངས་ཀྱི་བདེ་འཇགས་དོ་དམ་ལ་ཤུགས་བསྣན་ནས། ཐོན་ཁུངས་ཁོར་ཡུག་གི་གཞི་གྲངས་ཀྱི་བདེ་འཇགས་འགན་སྲུང་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་རྒྱུའི་གྲོས་གཞི་བཏོན།