མདུན་ངོས། བློ་སྟོན་ཁྲིམས་ཁང་། བཅའ་ཁྲིམས་རྒྱུན་ཤེས། གངས་ལྗོངས་ཁྲིམས་ར། དཔེ་མཚོན་གྱོད་དཔེ། རྩོམ་རིག བརྙན་ཟློས།

མཚོ་སྔོན་དུ་སྡོད་པའི་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་གྱིས་སྙན་ཞུར་གྲོས་ཞིབ་བྱས་པ།

  2024-03-06 19:12:29 

མཚོ་སྔོན་དུ་སྡོད་པའི་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་གྱིས་སྲིད་གྲོས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུར་གྲོས་ཞིབ་བྱས་པ།

ཟླ3པའི་ཚེས5ཉིན་གྱི་ཕྱི་དྲོར། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པར་ཞུགས་པའི་མཚོ་སྔོན་དུ་སྡོད་པའི་རྒྱལ་ཡོངས་སྲིད་གྲོས་གྱི་ཨུ་ཡོན་རྣམས་ཀྱིས་རང་སོ་སོའི་ལས་རིགས་ཀྱི་ཚན་ཆུང་གི་གྲོས་ཚོགས་ལ་ཞུགས་ཏེ། སྲིད་གྲོས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ་དང་གྲོས་གཞི་བྱ་བའི་གནས་ཚུལ་གྱི་སྙན་ཞུར་ནན་ཏན་གྱིས་གྲོས་ཞིབ་བྱས། ཨུ་ཡོན་མགོན་པོ་བཀྲ་ཤིས་དང་། རྡོ་རྗེ་རབ་བརྟན། ལིའུ་ཐུང་ཏི། ཝང་ཞོན། གསེར་ཁྲི་ཆོས་ཀྱི་བློ་གྲོས་རྒྱ་མཚོ། མཱ་ཡུའེ་ཞང་སོགས་ཀྱིས་གཏམ་བཤད། ཨུ་ཡོན་ཝང་ཅན་ཅུན་དང་པད་ཁོ་སོགས་གྲོས་ཞིབ་ལ་ཞུགས།

ཨུ་ཡོན་མགོན་པོ་བཀྲ་ཤིས་ཀྱིས་བཤད་རྒྱུར། ཀྲུའུ་ཞི་ཝང་ཧུའུ་ཉིང་གིས་ཕུལ་བའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ་ཡིས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་པ་རྒྱུན་འཁྱོངས་བྱས་པ་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་དགོངས་དོན་ལག་བསྟར་ཟབ་མོ་བྱས་ཏེ། བྱ་བར་སྤྱི་སྡོམ་བྱས་པ་ཆ་ཚང་ཞིང་ལས་འགན་དམིགས་འབེན་གསལ་བོར་བསྟན་ཡོད་པས། བརྗོད་དོན་གསལ་ཞིང་གཙོ་གནད་འབུར་དུ་ཐོན་ལ། ཚིག་ཉུང་ཞིང་དོན་འདུས་པ། བརྩོན་སེམས་ཆེ་རུ་བསྐྱེད་པའི་སྙན་ཞུ་བཟང་པོ་ཞིག་རེད། 2023ལོ་ནི་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དངོས་འབེབས་བྱེད་མགོ་བརྩམས་པའི་ལོ་དང་། སྐབས་བཅུ་བཞི་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་འགན་སྒྲུབ་ལོའང་ཡིན། ལོ་གཅིག་གི་རིང་ལ། རྒྱལ་ཡོངས་སྲིད་གྲོས་ཀྱིས་ཆེས་མཐོ་བའི་ཆབ་སྲིད་ལངས་གནས་དང་ཆེས་དྲག་པའི་འགན་འཁྲི་ཁག་ཁུར་ལ་བརྟེན་ནས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་དང་དངོས་འབེབས་ཟབ་མོ་བྱས་ཤིང་། ཏང་གི་མགོ་ཁྲིད་ལ་ཕྱོགས་ཡོངས་ནས་ཤུགས་བསྣན་པ་དང་གཞུང་ལུགས་ཀྱིས་དྲག་ཆས་སྤྲས་ཤུགས་རྒྱུན་མཐུད་ངང་ཇེ་ཆེར་བཏང་ལ། སྤྱི་ཡོངས་ལ་ཞབས་འདེགས་ཞུས་པ་དངོས་གཉེར་ནུས་ལྡན་ཡིན་པ་དང་འཐབ་ཕྱོགས་གཅིག་གྱུར་བྱེད་ནུས་མངོན་པར་གསལ་ཞིང་། གྲོས་གཞི་བྱ་བའི་སྤུད་ཚད་དང་ཕན་ནུས་ཇེ་མཐོར་བཏང་བ་དང་། འགན་སྒྲུབ་རྨང་གཞི་སྔར་ལས་སྲ་བརྟན་དུ་བཏང་ནས་ལས་དོན་ཁག་སོ་སོར་གྲུབ་འབྲས་གསར་པ་བླངས་པར་མ་ཟད། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བར་བྱས་རྗེས་གསར་པ་བཞག་ཡོད་པས། སྙན་ཞུར་ཡོངས་སུ་འཐད་པ་ཡིན།

ཨུ་ཡོན་རྡོ་རྗེ་རབ་བརྟན་གྱིས་བཤད་རྒྱུར། སྲིད་གྲོས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ་ནི་ཆབ་སྲིད་རང་བཞིན་དང་མཛུབ་སྟོན་རང་བཞིན། ལག་ལེན་རང་བཞིན་བཅས་དྲག་པོ་ལྡན་པའི་སྙན་ཞུ་བཟང་པོ་ཞིག་རེད། འདས་པའི་ལོ་གཅིག་རིང་གི་ཆེས་མངོན་གསལ་གྱི་ཁྱད་ཆོས་ཤིག་ནི་རྒྱལ་ཡོངས་སྲིད་གྲོས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ནན་ཏན་གྱིས་ལག་བསྟར་དངོས་འབེབས་བྱས་པ་དང་། གཟིགས་རྒྱང་རིང་བོའི་སྒོ་ནས་སྲིད་གྲོས་ཀྱི་བྱ་བ་སྣ་ཚོགས་ཐད་གྲུབ་འབྲས་གསར་པ་ལེན་པར་སྐུལ་འདེད་བཏང་བ་དེ་རེད། གཅིག་ནི་ཆབ་སྲིད་གླེང་བ་དེས་ཏང་གི་སྲིད་གྲོས་བྱ་བའི་ཕྱོགས་ཡོངས་ཀྱི་མགོ་ཁྲིད་སྔར་ལས་ཤུགས་དྲག་ཏུ་བཏང་ཡོད། གཉིས་ནི་སྤྱི་ཡོངས་ལ་དམིགས་པ་དེས་ཏང་དང་རྒྱལ་ཁབ་ཀྱི་དཀྱིལ་སྙིང་ལས་འགན་ལ་དམིགས་ནས་གྲོས་མོལ་སྲིད་གླེང་གྲུབ་འབྲས་མངོན་གསལ་དུ་བཏང་ཡོད། གསུམ་ནི་མཐུན་སྒྲིལ་གཙོར་བཟུང་སྟེ་སྲིད་གྲོས་ཀྱི་འཐབ་ཕྱོགས་གཅིག་གྱུར་བྱེད་ནུས་སྔར་ལས་ལྷག་པར་འདོན་སྤེལ་བྱས་ཡོད། བཞི་ནི་མི་དམངས་བསམ་པ་དེས་ཐོག་མཐའ་བར་གསུམ་དུ་དམངས་ཚིས་ལ་སྐུལ་འདེད་གཏོང་རྒྱུ་དེ་སྲིད་གྲོས་འགན་སྒྲུབ་ཀྱི་ནང་དོན་གལ་ཆེན་དུ་བཞག་ཡོད།   སྙན་ཞུ་ལས་ད་ལོའི་བྱ་བ་བཀོད་སྒྲིག་བྱས་པ་དེས། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་དགོངས་དོན་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་སྲིད་གྲོས་བྱ་བར་ཤུགས་སྣོན་དང་ལེགས་བཅོས་བྱེད་པའི་སྐོར་གྱི་དགོངས་པ་གལ་ཆེན་ནན་ཏན་སྒོས་ལག་བསྟར་བྱས་ཤིང་། མི་དམངས་སྲིད་གྲོས་བྱ་བ་རྒྱུན་མཐུད་ངང་འཕེལ་རྒྱས་འགྲོ་བའི་དགོས་མཁོ་དང་ཡོངས་སུ་འཚམ་པས་ཧ་ཅང་འཐད་པ་ཡིན།

ཨུ་ཡོན་ལིའུ་ཐུང་ཏི་ཡིས་བཤད་རྒྱུར། ཀྲུང་ཞི་ཝང་ཧུའུ་ཉིང་གིས་ཕུལ་བའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ་ཡི་བརྗོད་དོན་གསལ་ཞིང་། གོ་བ་ལེན་བདེ་ལ་ནང་དོན་ཕུན་སུམ་ཚོགས་པ་དང་གཙོ་གནད་འབུར་དུ་ཐོན་ལ། སྙན་ཞུ་ཧྲིལ་བོར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་སྲིད་གྲོས་བྱ་བར་ཤུགས་སྣོན་དང་ལེགས་སྒྱུར་བྱེད་པའི་སྐོར་གྱི་དགོངས་པ་གལ་ཆེན་གྱིས་ཁྱབ་པར་བྱས་ཡོད་པས། དར་ཆ་མཐོར་སྒྲེང་དང་ཁག་ཁུར་མངོན་པ། སེམས་ཤུགས་གཅིག་སྒྲིལ་དང་བརྩོན་སེམས་ཡར་སྐྱེད་ཀྱི་སྙན་ཞུ་བཟང་པོ་ཞིག་ཡིན་པས།  ང་ཡོངས་སུ་འཐད་པ་ཡིན། སྙན་ཞུར་སློབ་སྦྱོང་བྱས་རྗེས་མྱོང་སྣང་ཟབ་མོ་ཞིག་བྱུང་བ་ནི། བསམ་བློ་ཆབ་སྲིད་ཀྱི་སྣེ་ཁྲིད་བརྟན་ཞིང་ནུས་ཤུགས་ཡོད་པ་དང་། གྲོས་མོལ་སྲིད་གླེང་གི་ཕན་འབྲས་ཐོན་པ། འགན་སྒྲུབ་གསར་གཏོད་ཀྱི་ཁྱད་ཆོས་ལྡན་པ། ཁ་ཕྱོགས་གསལ་ཞིང་གཙོ་གནད་འབུར་ཐོན་ཡིན་པ་དེ་རེད། གོ་རིམ་རྗེས་མར། ང་ཚོས་དངོས་སྒྲུབ་ཁག་ཁུར་བྱེད་པ་དང་། འགན་སྒྲུབ་འགན་འཁྲི་མཐའ་འཁྱོལ་བྱས་ཏེ། མཉམ་དུ་དངོས་འབེབས་དམ་འཛིན་བྱས་ནས་ཨུ་ཡོན་གྱི་བྱ་གཞག་བསྐྲུན་རྒྱུ་ཡིན།

ཨུ་ཡོན་ཝང་ཞོན་གྱིས་བཤད་རྒྱུར། རྒྱལ་ཡོངས་སྲིད་གྲོས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ་ལ་ཉན་རྗེས་མྱོང་ཚོར་གཉིས་བྱུང་། གཅིག་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་རྒྱུན་འཁྱོངས་བྱས་པ་བཟང་བས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དམངས་གཙོའི་མཛེས་ཉམས་མངོན་པར་བྱས་ཡོད། གཉིས་ནི་སྲིད་གྲོས་ཨུ་ཡོན་གྱི་འགན་སྒྲུབ་ཕན་འབྲས་བཟང་བས་གྲུབ་འབྲས་རབ་དང་རིམ་པ་བླངས་ཡོད་པ་དེ་ཡིན་ལ།  སྙན་ཞུ་ལས་རྒྱལ་ཡོངས་སྲིད་གྲོས་ཀྱི་བྱ་བའི་ཁྲོད་དུ་གནས་པའི་མི་འདང་ས་དང་གནད་དོན་ལ་དབྱེ་ཞིབ་བྱས་ཡོད་པས། བདེན་འཚོལ་དངོས་གཉེར་གྱི་སྙན་ཞུ་ཞིག་རེད། ང་ལ་གྲོས་གཞི་གཉིས་འདོན་རྒྱུ་ཡོད་དེ། གཅིག་ནི་ཆེད་དོན་ཨུ་ཡོན་ལྷན་ཁང་གི་འབྲེལ་གཏུག་ས་གནས་རྟོབ་ཞིབ་རྣམ་པ་ཡང་བསྐྱར་གསར་གཏོད་བྱས་ཏེ། ས་གནས་སྲིད་གྲོས་དང་ཁེ་ལས་སོགས་ལས་ཁུངས་མང་པོས་མཉམ་འབྲེལ་བྱེད་དགོས། གཉིས་ནི་ཀྲུང་དབྱང་རིག་གནས་ལོ་རྒྱུས་ཁང་གི་རིམ་པ་སོ་སོའི་སྲིད་གྲོས་ཐད་ཀྱི་སློབ་གསོའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས།

ཨུ་ཡོན་གསེར་ཁྲི་ཆོས་ཀྱི་བློ་གྲོས་རྒྱ་མཚོས་བཤད་རྒྱུར། སྙན་ཞུས་ན་ནིང་གི་བྱ་བར་སྤྱི་སྡོམ་བྱས་པ་དངོས་ཐོག་བདེན་འཚོལ་དང་། གྲུབ་འབྲས་གཡུར་དུ་ཟ་བ། བརྩོན་སེམས་ཆེ་རུ་བསྐྱེད་པ་ཞིག་རེད། ད་ལོའི་བྱ་བར་བལྟས་ན། བསམ་ཕྱོགས་གསལ་ཞིང་། བྱེད་ཐབས་དོན་གཉེར་དང་། མི་སེམས་ལ་སྐུལ་མ་ཐེབས་ཤིང་།  ཏང་སྲིད་ཀྱི་བསམ་ཕྱོགས་དང་། སྲིད་གྲོས་ཀྱི་ནུས་པ། མང་ཚོགས་ཀྱི་རེ་འདོད་བཅས་མངོན་པར་བྱས་ཡོད་པས། སྲིད་གྲོས་ཨུ་ཡོན་གྱིས་དུས་རབས་གསར་པའི་རྗེས་དེད་ནས་འགན་སྒྲུབ་ནན་མོ་བྱེད་པའི་འགུལ་སྐྱོད་རྩ་འཛིན་ཞིག་དང་། ཡིག་འབྲུ་རེ་རེས་སྤྱི་ཚོགས་ལ་བཅངས་པའི་སེམས་ཁུར་དང་མི་དམངས་ལ་བཅངས་པའི་བརྩེ་བ་མཚོན་ཡོད་ལ། ཀྲུང་གོ་གུང་ཁྲན་ཏང་གི་མགོ་ཁྲིད་རྒྱུན་འཁྱོངས་བྱེད་པ་དང་། མི་དམངས་སྲིད་གྲོས་མི་དམངས་ཀྱི་ཆེད་ཡིན་པའི་བྱ་བའི་འདུ་ཤེས་རྒྱུན་འཁྱོངས་བྱེད་པ་ཡོངས་སུ་མངོན་པར་བྱས་ཤིང་། འདས་པའི་ལོ་གཅིག་རིང་གི་ཆབ་སྲིད་གྲོས་མོལ་དང་། དམངས་གཙོ་ལྟ་སྐུལ། སྲིད་ཞུགས་སྲིད་གླེང། ངོས་འཛིན་གཅིག་གྱུར་སོགས་ཕྱོགས་ཀྱི་བྱ་བའི་གྲུབ་འབྲས་ཡོངས་སུ་མངོན་པར་བྱས་པར་མ་ཟད། སྲིད་གྲོས་ཀྱི་འགན་སྒྲུབ་འདུ་ཤེས་དང་སྤྱི་ཚོགས་ཁག་ཁུར་དང་དམངས་དོན་བརྩེ་སེམས་གསལ་བོར་མཚོན་ཡོད་པས། ཡོངས་སུ་འཐད་པ་ཡིན།

ཨུ་ཡོན་མཱ་ཡུའེ་ཞང་གིས་བཤད་རྒྱུར། སྙན་ཞུ་གཉིས་ཀྱིས་རྒྱལ་ཡོངས་སྲིད་གྲོས་ཀྱི་ལོ་གཅིག་གི་འགན་སྒྲུབ་བྱ་བར་སྤྱི་སྡོམ་བྱས་ཤིང་། ད་ལོའི་འགན་སྒྲུབ་བྱ་བར་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས་ཡོད་ལ། ཆབ་སྲིད་ཀྱི་ལངས་གནས་མཐོ་བ་དང་། ཡིག་འབྲུ་གསལ་ཞིང་རྩོམ་སྲོལ་བབ་ཆགས་ཡིན་པ་དང་། གཙོ་གནད་གསལ་ལ་ཁ་ཕྱོགས་གསལ་སྟོན་བྱས་ཡོད་པས། ད་ལོའི་མི་དམངས་སྲིད་གྲོས་ཀྱི་འགན་སྒྲུབ་བྱ་བ་ཡག་པོར་སྒྲུབ་པར་རྨང་གཞི་བརྟན་པོ་བཏིངས་ཡོད་པར་མ་ཟད། རིམ་པ་སོ་སོའི་སྲིད་གྲོས་ཨུ་ཡོན་གྱིས་འགན་སྒྲུབ་བྱ་བ་ལེགས་པོར་སྒྲུབ་པར་ཁ་ཕྱོགས་སྣེ་ཁྲིད་འདོན་སྤྲོད་བྱས་ཡོད། ཆོས་ལུགས་སྡེ་ཁག་གི་སྲིད་གྲོས་ཨུ་ཡོན་ཞིག་ཡིན་པའི་ཆ་ནས། རང་གི་འགན་འཁྲི་ལ་རྐང་བཙུགས་ཏེ་བརྟག་དཔྱད་ཞིབ་འཇུག་ཟབ་མོ་བྱེད་པ་དང་། སྲིད་གླེང་ཇུས་འདོན་གང་ལེགས་བྱས་ནས། དུས་རབས་གསར་པའི་ཏང་གི་མི་རིགས་བྱ་བ་སྤུས་ཚད་མཐོན་པོས་འཕེལ་རྒྱས་གཏོང་བར་རོགས་ཤུགས་འདོན་རྒྱུ་ཡིན་ལ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་ཆེད་ནུས་པ་གང་ཡོད་འདོན་རྒྱུ་ཡིན།

ཨུ་ཡོན་ཝང་ཁུན་དང་། ལིས་ཆིན། གོ་ཅི་ཨན། ཨི་ཁྲུང་རུང་། ཀའོ་ཆིན་པའོ་སོགས་ཀྱིས་སོ་སོར་རང་རང་གི་ཚན་ཆུང་ནས་གཏམ་བཤད། ཨུ་ཡོན་རྣམས་ཀྱིས་འདས་པའི་ལོ་གཅིག་རིང་གི་རྒྱལ་ཡོངས་སྲིད་གྲོས་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བར་ཁས་ལེགས་གང་ལེགས་དང་གདེང་འཇོག་མཐོན་པོ་བྱས། ཁོ་ཚོས་སྙན་ཞུའི་ལངས་གནས་མཐོ་ཞིང་བྱེད་ཐབས་དོན་གཉེར་ཡིན་པ་དང་། གྲུབ་འབྲས་སྤྱི་སྡོམ་བྱས་པ་གསལ་ཞིང་ཆ་ཚང་ཡིན་ལ། དངོས་ཐོག་བདེན་འཚོལ་ཡིན་པར་མ་ཟད། ཆབ་སྲིད་རང་བཞིན་དང་དུས་རབས་རང་བཞིན། མཛུབ་སྟོན་རང་བཞིན། ལག་ལེན་རང་བཞིན་བཅས་ཤུགས་དྲག་ལྡན་པའི་སྙན་ཞུ་བཟང་པོ་ཞིག་ཡིན་པས། ཡོངས་སུ་འཐད་པ་ཡིན་ཟེར།

རྩོམ་སྒྲིག་པ། ནམ་མཁའ་ཚེ་རིང་།