ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཚེས5ཉིན་གྱི་ཕྱི་དྲོར་ཁོང་ཡོད་སའི་སི་ཁྲོན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས། ཝང་ཡུང་ལན་དང་ཀིའུ་ཞིན་ལུང་། ཝུན་ཧྲའོ་མུའུ་སོགས་འཐུས་མིས་སྔ་གཞུག་ཏུ་གཏམ་བཤད། ཀྲའོ་ལི་ཅི་ཡིས་གཏམ་བཤད་ལ་ནན་ཏན་སྒོས་གསན་པར་མ་ཟད། འཐུས་མི་རྣམས་དང་མཉམ་དུ་བསམ་ཚུལ་བརྗེ་རེས་ཟབ་མོ་མཛད།
ཀྲའོ་ལི་ཅི་ཡིས་ཙུང་ལི་ལིས་ཆང་གིས་ཕུལ་བའི་སྲིད་གཞུང་བྱ་བའི་སྙན་ཞུས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཡོད་པ་དང་། གྲུབ་འབྲས་སྤྱི་སྡོམ་བྱས་པ་དངོས་ཐོག་བདེན་འཚོལ་ཡིན་ལ། དམིགས་འབེན་གཏན་འཁེལ་བྱས་པ་ཚན་རིག་དང་མཐུན་ཞིང་ལུགས་མཐུན་ཡིན་པར་མ་ཟད། བཏོན་པའི་བྱེད་ཐབས་ནི་ལག་བསྟར་བྱེད་འོས་པ་ཞིག་ཡིན་པས། དེ་ནི་བདེན་འཚོལ་དངོས་གཉེར་དང་གསར་གཏོད་ཡར་བརྩོན། མཐུན་སྒྲིལ་ཡར་སྐུལ་བཅས་ཀྱི་སྙན་ཞུ་བཟང་པོ་ཞིག་རེད་ཅེས་གསུངས།
ཀྲའོ་ལི་ཅི་ཡིས2023ལོ་ནི་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་འགོ་བརྩམས་པའི་ལོ་ཡིན། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཏང་ཡོངས་དང་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་བརྟན་ཐོག་ཡར་འཕེལ་གྱི་བྱ་བའི་སྤྱིའི་དགོངས་གཞི་རྒྱུན་འཁྱོངས་བྱས་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་སེམས་ཤུགས་གཅིག་སྒྲིལ་དང་རྒྱུན་མཐུད་འབད་འཐབ། དཔའ་སྐྱེད་མདུན་སྐྱོད་བཅས་བྱས་ཏེ་དཔལ་འབྱོར་སླར་གསོ་བཟང་ཕྱོགས་སུ་འཕེལ་བ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་བཏང་ལ། ཐོན་སྐྱེད་ནུས་ཤུགས་གསར་མ་མགྱོགས་མྱུར་སྒོས་གྲུབ་པར་བྱས་པ་དང་། མི་དམངས་བདེ་སྡོད་ལས་བརྩོན་དང་སྤྱི་ཚོགས་སྤྱི་ཡོངས་ནས་གཏན་འཇགས་སྲུང་འཛིན་བྱས་ཏེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པར་གོམ་སྟབས་བརྟན་པོ་སྤོས་ཡོད། གྲུབ་འབྲས་དེ་དག་ནི་ཐོབ་སླ་མོ་ཞིག་མིན་ལ། ཧ་ཅང་རིན་ཐང་ལྡན་པ་ཞིག་རེད། སྣེ་མང་རྙོག་འཛིང་གི་གནས་བབ་འོག་ཏུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ང་ཚོའི་སྣེ་ཁྲིད་དེ་ཕྱི་ཕྱོགས་ཀྱི་གནོན་ཤུགས་ཐེག་པར་བྱས་པ་དང་ནང་ཁུལ་གྱི་དཀའ་ངལ་སེལ་ནས་ཉེན་ཁ་དང་འགྲན་རྩོད་རབ་དང་རིམ་པ་ལས་རྣམ་པར་རྒྱལ་བར་བྱས་ལ། དེ་ནི་གྲུབ་འབྲས་ཧ་ཅང་ཆེན་པོ་ཞིག་རེད། ང་ཚོས་ཉེན་ཁ་སེལ་བ་དང་དཀའ་ཁག་ལས་སྒྲོལ་བ། འགྱུར་ལྡོག་ལ་ཁ་གཏད་འཇལ་བའི་ཁྲོད་བྱེད་ནུས་འཐོར་འདེགས་བྱས་ཤིང་། ལམ་ལུགས་རྐྱེན་སྲོལ་བཙུགས་ནས་འཐུས་ཚང་དུ་བཏང་ལ། ཡིད་ཆེས་དང་གདིང་ཤུགས་ཇེ་དྲག་ཏུ་བཏང་། ལག་ལེན་ལས་གཏན་ཕབ་གཉིས་ནི་དཀའ་ངལ་དང་འགོག་རྐྱེན་ཡོད་ཚད་ལས་རྣམ་པར་རྒྱལ་བ་དང་ངེས་གཏན་མེན་པའི་རང་བཞིན་ཡོད་ཚད་ལ་ཁ་གཏད་འཇལ་བའི་ཆེས་ཆེ་བའི་ངེས་གཏན་རང་བཞིན་ཡིན་པ་དང་། དུས་རབས་གསར་པ་དང་སྐྱོད་ལམ་གསར་པའི་ཏང་གི་ལས་འགན་གཙོ་བོ་ཡོངས་འགྲུབ་བྱེད་པའི་རྩ་བའི་འགན་སྲུང་ཡིན་པ་ཡང་བསྐྱར་ར་སྤྲོད་བྱས་ཡོད་པས། སྔར་ལས་རང་རྟོགས་སྒོས་འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་ཡིད་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོང་གཉིས་སྒྲུབ་པ་བཅས་བྱས་ཏེ་བྱ་སྤྱོད་དངོས་ལ་བརྟེན་ནས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་འཐབ་ཇུས་བཀོད་སྒྲིག་དོན་འཁྱོལ་ལ་གྲུབ་འབྲས་ཐོབ་པར་སྐུལ་འདེད་གཏོང་དགོས་ཞེས་བསྟན།
ཀྲའོ་ལི་ཅི་ཡིས་སི་ཁྲོན་གྱིས་འདས་པའི་ལོ་གཅིག་གི་རིང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་བླངས་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས་ལ། སི་ཁྲོན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སི་ཁྲོན་གྱི་བྱ་བའི་ཐད་ཀྱི་མཛུབ་སྟོན་གལ་ཆེན་དང་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་མོ་བྱེད་པ་དང་། སྲིད་གཞུང་བྱ་བའི་ཕྱོགས་བཅུའི་ཐད་ཀྱི་བཀོད་སྒྲིག་ལྟར། ས་ཁུལ་རང་གི་དངོས་ཡོད་གནས་ཚུལ་ལ་རྐང་འཛུགས་པ་དང་གསར་གཏོད་རང་བཞིན་ལྡན་པའི་སྒོ་ནས་དོན་འཁྱོལ་དམ་འཛིན་བྱས་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་སི་ཁྲོན་གྱི་ལག་ལེན་ལ་སྐུལ་འདེད་ནན་མོ་གཏོང་དགོས། ཚན་རྩལ་གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་དང་དགེ་མཚན་གསར་པ་བཏོད་དེ་ནུབ་ཕྱོགས་ས་ཁུལ་གྱི་གསར་གཏོད་ཀྱི་མཐོ་ས་བསྐྲུན་དགོས། རྒྱལ་ཁབ་ཀྱི་འཕེལ་རྒྱས་འཐབ་ཇུས་ལ་སྔར་ལས་ཞབས་འདེགས་ཞུ་བ་དང་དེའི་ཁྲོད་འདྲེས་པར་བྱས་ཏེ་མགྱོགས་མྱུར་སྒོས་ནུབ་ཕྱོགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་ཁྲིད་བྱེད་པའི་འཕར་སྣོན་སྣེ་གཙོ་བོ་དང་སྒུལ་ཤུགས་ཀྱི་འབྱུང་ཁུངས་གསར་པར་འགྱུར་བར་བྱེད་དགོས། མི་དམངས་ལ་བདེ་སྐྱིད་བསྐྲུན་པའི་ཆབ་སྲིད་ཀྱི་གྲུབ་འབྲས་བརྟན་པོར་འཛུགས་པ་དང་དེ་ལག་བསྟར་བྱས་ནས་འཕེལ་རྒྱས་ཁྲོད་དུ་དམངས་ཚིས་འགན་སྲུང་དང་ལེགས་བཅོས་བྱེད་དགོས། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་མུ་མཐུད་དུ་སྐུལ་འདེད་བཏང་སྟེ་མཛེས་སྡུག་ཀྲུང་གོའི་སྔོན་སྐྱོད་ཁུལ་མགྱོགས་མྱུར་གྱིས་འཛུགས་སྐྲུན་བྱེད་དགོས། བརྗོད་དོན་སློབ་གསོའི་གྲུབ་འབྲས་སྲ་བརྟན་རྒྱ་བསྐྱེད་བཏང་སྟེ་སྤུས་ཚད་མཐོ་བའི་ཏང་འཛུགས་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པའི་ཐུགས་རེ་བཏོན།
ཀྲའོ་ལི་ཅི་ཡིས་ད་ལོ་ནི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་བཙུགས་ནས་ལོ་བདུན་ཅུ་ལོན་པའི་ལོ་ཡིན། སི་ཁྲོན་གྱི་རིམ་པ་སོ་སོའི་དམངས་ཆེན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་ལམ་ལུགས་རྒྱུན་འཁྱོངས་དང་ལེགས་བཅོས་བྱེད་པའི་སྐོར་གྱི་དགོངས་པ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱེད་པ་དང་ཏང་གི་དམངས་ཆེན་བྱ་བའི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་རྒྱུན་འཁྱོངས་བྱས་ཏེ། གོ་རིམ་ཧྲིལ་བོའི་མི་དམངས་དམངས་གཙོ་འཕེལ་རྒྱས་སུ་གཏོང་བ་དང་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་ལམ་ལུགས་རྒྱུན་འཁྱོངས་བཟང་པོ་དང་འཐུས་ཚང་བཟང་པོ། བཀོལ་སྤྱོད་བཟང་པོ་བཅས་བྱེད་པ། དུས་རབས་གསར་པའི་དམངས་ཆེན་བྱ་བ་སྤུས་ཚད་མཐོན་པོས་བཟང་པོར་སྒྲུབ་པ་བཅས་བྱས་ཏེ་སི་ཁྲོན་བཅོས་སྐྱོང་དང་སི་ཁྲོན་དར་རྒྱས་ཐད་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་རོགས་འདེགས་བྱེད་དགོས་པའི་རེ་བ་བཅངས་ཡོད་ཅེས་བསྟན།