ལིས་ཞི་ཡིས་ཧྥུའུ་ཅན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས་སྐབས་སྒྲིག་བཤེར་ལྟ་ཞིབ་ལས་དོན་སྤུས་ཚད་མཐོན་པོས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏིང་ཟབ་བཏང་སྟེ་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་གི་ཆེད་དུ་སྲ་ཞིང་བརྟན་པའི་འགན་སྲུང་འདོན་སྤྲོད་བྱེད་དགོས་པ་ནན་གྱིས་བསྟན།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ལིས་ཞི་ཡིས་ཚེས5ཉིན་གྱི་ཕྱི་དྲོར་ཁོང་ཡོད་སའི་ཧྥུའུ་ཅན་འཐུས་ཚབ་ཚོགས་པའི་འཐུས་མི་ཚོ་དང་མཉམ་དུ་སྲིད་གཞུང་བྱ་བའི་སྙན་ཞུ་ལ་གྲོས་ཞིབ་བྱས། ཚོགས་རའི་རྣམ་པ་འཁྲུག་ཆ་དོད་ཅིང་གསོན་ཤུགས་ལྡན། འཐུས་མི་ཞུས་ཀོང་ཡོན་དང་། ཚའེ་ཀྲན་ཧྲིན། ཝང་ཡུང་ཁྲིན་སོགས་ཀྱིས་སྔ་རྗེས་སུ་གཏམ་བཤད་པ་དང་། ལིས་ཞི་ཡིས་ནན་ཏན་ངང་གསན་པ་དང་འཐུས་མི་ཚོ་དང་གླེང་མོལ་བྱས།
ཟླ3པའི་ཚེས5ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ལིས་ཞི་ཡིས་ཁོང་ཡོད་སའི་ཧྥུའུ་ཅན་འཐུས་ཚབ་ཚོགས་པའི་འཐུས་མི་ཚོ་དང་མཉམ་དུ་སྲིད་གཞུང་བྱ་བའི་སྙན་ཞུ་ལ་གྲོས་ཞིབ་བྱས།
འཐུས་མི་ཚོའི་གཏམ་བཤད་ལ་གསན་རྗེས་ལིས་ཞི་ཡིས་གསུངས་རྒྱུར། ཙུང་ལི་ལིས་ཆང་གིས་ཕུལ་བའི་སྲིད་གཞུང་བྱ་བའི་སྙན་ཞུ་ལ་ཧ་ཅང་འཐད་པ་ཡིན། འདས་ཟིན་པའི་ལོ་གཅིག་གི་ནང་རྙོག་འཛིང་ཆེ་བའི་རྒྱལ་སྤྱིའི་ཁོར་ཡུག་དང་དཀའ་ཚེགས་ཆེ་བའི་བཅོས་སྒྱུར་འཕེལ་རྒྱས་བརྟན་འཇགས་གསུམ་གྱི་ལས་འགན་མདུན་དུ་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་གཟིགས་རྒྱང་རིང་ལ་ཁྱོན་ཡོངས་སྟངས་འཛིན་དང་། ཏང་ཡོངས་དང་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་བློ་བརྟན་འགྱུར་མེད་ངང་འབད་བརྩོན་དང་དཔའ་ངར་ཆེན་པོས་མདུན་སྐྱོད་བྱས་ནས་དཀའ་ངལ་སྣ་ཚོགས་ཀྱི་འགྲན་སློང་ལས་རྣམ་པར་རྒྱལ་ཏེ་ལོ་ཧྲིལ་པོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་འབེན་ལས་འགན་གཙོ་བོ་ཕུན་སུམ་ཚོགས་པོའི་ངང་ལེགས་འགྲུབ་བྱས་པས་འཛམ་གླིང་ཡོངས་ཀྱིས་ཡིད་སྨོན་བྱེད་བཞིན་ཡོད། གྲུབ་འབྲས་ནི་ཐོབ་སླ་མོ་ཞིག་མིན་པ་དང་། མི་རྣམས་ལ་ངར་སེམས་ཆེན་པོ་སྟེར་ཐུབ། འདི་ལས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སྐོར་གྱི་ཇུས་ཆོད་བཀོད་སྒྲིག་ཡང་དག་ཡིན་པ་ར་སྤྲོད་གང་ལེགས་བྱས་པ་དང་། “གཏན་ཕབ་གཉིས”དང་“སྲུང་སྐྱོང་གཉིས”ཀྱི་ལག་ལེན་གྱི་སྟོབས་ཤུགས་ཆེན་པོ་གང་ལེགས་སྒོས་མཚོན་ཡོད། བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ཐོག་གཅིག་གྱུར་ཏན་ཏིག་བྱས་ནས་ཡིད་ཆེས་བརྟན་པོ་དང་གསར་འབྱེད་ཡར་བརྩོན་གྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་བཏང་སྟེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་གྱི་ལེའུ་གསར་པ་རྩོམ་དགོས་ཞེས་གསུངས།
ལིས་ཞི་ཡིས་བསྟན་དོན། ད་ལོ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ལམ་སྲོལ་བཟང་བ་དང་། ཐོན་ལས་ལེགས་པ། མང་ཚོགས་ཕྱུག་པ། སྐྱེ་ཁམས་མཛེས་པ”བཅས་ཀྱི་ཧྥུའུ་ཅན་གསར་པའི་བརྗིད་ཆེའི་འཆར་གཞི་བཀོད་ནས་ལོ10འཁོར་བའི་ལོ་ཡིན་པས། ཧྥུའུ་ཅན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གིས་སྤྲད་པའི་འགན་འཁྲི་དང་ལས་འགན་གལ་ཆེན་ཡག་པོར་འཁུར་བ་དང་། འཕེལ་རྒྱས་ཀྱི་གོ་སྐབས་གལ་ཆེན་སྟངས་འཛིན་བྱེད་པ། “སྔར་ལས་ཆེ་བ་བཞིའི”བླང་བྱ་གལ་ཆེན་དོན་འཁྱོལ་ནན་ཏན་བྱེད་པ། ཏང་དང་རྒྱལ་ཁབ་ཀྱི་འཕེལ་རྒྱས་ཀྱི་སྤྱི་ཡོངས་ཁྲོད་རང་འགུལ་ངང་ཞུགས་པ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་རྒྱལ་ཁབ་ཀྱི་ཧྥུའུ་ཅན་གྱི་ལེའུ་ནུས་ཤུགས་ཡོད་རྒུས་རྩོམ་དགོས། མཚོ་འགག་འགྲམ་གཉིས་མཉམ་འདྲེས་འཕེལ་རྒྱས་ཀྱི་ལམ་གསར་པ་འཚོལ་ཞིབ་བྱ་རྒྱུ་རྒྱུན་འཁྱོངས་དང་། འགྲམ་གཉིས་མཉམ་འདྲེས་འཕེལ་རྒྱས་ཀྱི་དཔེ་སྟོན་ཁུལ་འཛུགས་སྐྲུན་ཡག་པོ་བྱེད་པ། སྤུས་ཚད་མཐོ་བའི་འཚོ་བ་བསྐྲུན་རྒྱུར་ཤུགས་སྣོན་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལྗང་མདོག་གཞི་ཐིག་གཏོད་པ། ཧྥུའུ་ཅན་གྱི་གསར་པརྗེའི་ཐོན་ཁུངས་བེད་སྤྱོད་ཡག་པོ་བྱེད་པ། “གཞན་གྱི་སྔོན་ལ་བྱེད་ཕོད་པ་དང་རྒྱལ་ཁ་བརྩོན་ལེན་བྱེད་པའི”སྙིང་སྟོབས་རྒྱུན་འཛིན་བཅས་བྱས་ཏེ་དྲིན་ཚོར་ཡར་བརྩོན་དང་འབད་འབུངས་མདུན་སྐྱོད་ཀྱིས་ཧྥུའུ་ཅན་འཕེལ་རྒྱས་སུ་གཏོང་བར་སླར་ཡང་གྲུབ་འབྲས་བཟང་པོ་ཐོབ་རྒྱུར་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད།
ལིས་ཞི་ཡིས་ནན་གྱིས་བསྟན་དོན། སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་གི་རང་ངོས་གསར་པརྗེའི་སྐོར་གྱི་དགོངས་པ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས་ཏང་གི་སྒྲིག་ཡིག་དང་རྩ་ཁྲིམས་ཀྱིས་སྤྲད་པའི་འགན་འཁྲི་ལྷག་བསམ་རྣམ་དག་ངང་སྒྲུབ་པ་དང་། སྐྱོད་ལམ་གསར་པའི་སྒྲིག་བཤེར་ལྟ་ཞིབ་ལས་དོན་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏིང་ཟབ་གཏོང་དགོས། ཆབ་སྲིད་ཀྱི་ལྟ་སྐུལ་ལ་ཤུགས་བསྣན་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་གལ་ཆེན་ཆད་ལུས་མེད་པར་ལག་བསྟར་དོན་འཁྱོལ་བྱ་རྒྱུར་འགན་ལེན་བྱེད་དགོས། རྒྱུན་སྲིང་ལྷོད་མེད་ངང་སྤྱོད་ཚུལ་ཡོ་བསྲང་དང་སྒྲིག་ཁྲིམས་ཇེ་ནན་དུ་བཏང་ནས་སྒྲིག་ལམ་ཡོད་ལ་གསོན་ཤུགས་ཀྱང་ལྡན་པའི་ཁོར་ཡུག་བཟང་པོ་གཏོད་རྒྱུར་སྐུལ་འདེད་གཏོང་དགོས། རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་རུང་བ། རུལ་སུངས་བྱེད་མི་འདོད་པ་བཅས་ལ་མཉམ་དུ་སྐུལ་འདེད་བཏང་ནས་རུལ་སུངས་སྐྱེ་འཕེལ་གྱི་ས་རྒྱུ་དང་ཆ་རྐྱེན་རྒྱུན་ཆད་མེད་པར་མེད་པར་བཟོ་དགོས། མང་ཚོགས་ཀྱི་གམ་དུ་རུལ་སུངས་ལ་ཁྲིམས་ཆད་གཅོད་པར་ཤུགས་སྣོན་པ་དང་། མང་ཚོགས་ལ་བསམ་འཆར་ཆེ་བའི་གནད་དོན་མངོན་གསལ་ཅན་ཐག་གཅོད་བྱས་ཏེ། དམངས་ཚིས་བདེ་སྐྱིད་ཇེ་ཆེར་གཏོང་བར་སྐུལ་འདེད་བཏང་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་ལས་དོན་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བར་འགན་སྲུང་སྟོབས་ལྡན་འདོན་སྤྲོད་བྱེད་དགོས།