མདུན་ངོས། བློ་སྟོན་ཁྲིམས་ཁང་། བཅའ་ཁྲིམས་རྒྱུན་ཤེས། གངས་ལྗོངས་ཁྲིམས་ར། དཔེ་མཚོན་གྱོད་དཔེ། རྩོམ་རིག བརྙན་ཟློས།

​ཞི་ཅིན་ཕིང་ཅང་སུའུ་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས་པ།

  2024-03-06 19:11:47 

ཞི་ཅིན་ཕིང་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པའི་ཅང་སུའུ་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས་པ།

ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས5ཉིན་གྱི་ཕྱི་དྲོར་ཁོང་ཡོད་སའི་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པའི་ཅང་སུའུ་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས་སྐབས་བསྟན་དོན། སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་གཏོང་བའི་ལས་འགན་ཨང་དང་པོ་འདི་སྟངས་འཛིན་ནན་མོ་བྱས་ཏེ་ཡུལ་བབ་དང་བསྟུན་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་སུ་གཏོང་དགོས།  སྐོར་ཐེངས་གསར་པའི་ཚན་རྩལ་གསར་པརྗེ་དང་ཐོན་ལས་སྒྱུར་བཅོས་ལ་དམིགས་ནས། ང་ཚོས་ངེས་པར་དུ་གོ་སྐབས་དམ་འཛིན་དང་གསར་གཏོད་བྱེད་ཤུགས་ཇེ་ཆེར་གཏོང་བ།གསར་དར་ཐོན་ལས་སྐྱེད་སྲིང་དང་རྒྱ་སྐྱེད། སྔོན་དཔག་ལས་བརྒལ་བའི་སྒོ་ནས་འབྱུང་འགྱུར་ཐོན་ལས་བཀོད་སྒྲིག་དང་འཛུགས་སྐྲུན།དེང་རབས་ཅན་གྱི་ཐོན་ལས་མ་ལག་འཐུས་ཚང་དུ་གཏོང་བ་བཅས་བྱེད་དགོས། ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་སུ་གཏོང་རྒྱུ་ནི་སྲོལ་རྒྱུན་གྱི་ཐོན་ལས་ལ་སྣང་ཆུང་བྱེད་པ་དང་འདོར་རྒྱུ་དེ་མ་ཡིན་པར། འཆར་གཞི་མེད་པར་སྒྲུབ་པ་དང་དོན་མེད་ནང་སྟོང་དུ་འགྱུར་བར་སྔོན་མགོག་བྱ་དགོས་པ་དང་། ནམ་ཡང་ཐབས་ཤེས་གཅིག་ཁོ་ན་མི་སྤྱོད་རྒྱུ་དེ་ཡིན། ས་གནས་ཁག་གིས་དོན་དངོས་ལ་དམིགས་པ་དང་སྔོན་འཛུགས་རྗེས་གཏོར། ཡུལ་བབ་དང་བསྟུན་པ། རིགས་དབྱེ་མཛུབ་ཁྲིད་བྱེད་པ་བཅས་རྒྱུན་འཁྱོངས་བྱས་ཏེ། རང་ས་གནས་ཀྱི་ཐོན་ཁུངས་ཀྱི་ལེགས་ཆ་དང་ཐོན་ལས་ཀྱི་རྨང་གཞི། ཚན་རིག་ཞིབ་འཇུག་གི་ཆ་རྐྱེན་སོགས་ལ་གཞིགས་ནས་གདམ་ག་ཡོད་པའི་སྒོ་ནས་ཐོན་ལས་གསར་པ་དང་། རྣམ་པ་གསར་པ། སྒུལ་ནུས་གསར་པ་བཅས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་དང་། ལག་རྩལ་གསར་པར་བརྟེན་ནས་སྲོལ་རྒྱུན་ཐོན་ལས་སྒྱུར་བཀོད་དང་རིམ་སྤོར་བྱས་ཏེ་ཐོན་ལས་རྩེར་སོན་ཅན་དང་རིག་ནུས་ཅན། ལྗང་མདོག་ཅན་བཅས་སུ་འགྱུར་རྒྱུར་ཧུར་ཐག་གིས་ཡར་སྐུལ་བྱེད་དགོས་ཞེས་བསྟན།

ཅང་སུའུ་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་འཁྲུག་ཆ་དོད་ཅིང་གསོན་ཤུགས་ཀྱིས་ཀུན་ནས་ཁེངས་ཡོད།

ཚུའེ་ཐེ་ཅུན་དང་ཀའོ་ཅི་ཧྥན། སུང་ཡན། ཝུའུ་ཧོས་ཧྥང་། ཝུའུ་ཞིན་མེན་། སུན་ཅིན་ནན་སོགས་བཅས་འཐུས་མི་དྲུག་གིས་ཆུ་ཚད་མཐོ་བའི་ཚན་རྩལ་གྱི་རང་ཚུགས་རང་དར་མངོན་འགྱུར་དང་། ཀྲུང་གོའི་ཉི་འོད་ནུས་པའི་ལས་རིགས་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་བ། རིག་གནས་ཤུལ་བཞག་སྲུང་སྐྱོང་རྒྱུན་འཛིན་ལ་ཤུགས་སྣོན་པ། ཐུན་མོང་ཕྱུག་འགྱུར་གྱི་བདེ་སྐྱིད་གྲོང་ཚོ་བསྐྲུན་པ། འབྲི་ཆུའི་ཟུར་གསུམ་གླིང་གཞི་གཅིག་ཅན་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བ། བཟོ་བོའི་སྙིང་སྟོབས་དར་སྤེལ་གཏོང་བ་སོགས་ཀྱི་གནད་དོན་ཐད་ནས་གཏམ་བཤད།  ཞི་ཅིན་ཕིང་གིས་མཚམས་མཚམས་སུ་ཡང་དང་བསྐྱར་དུ་ཚང་མ་དང་དགོངས་ཚུལ་བརྗེ་རེས་མཛད།

ཚང་མས་གཏམ་བཤད་པར་ནན་ཏན་གྱིས་གསན་རྗེས་ཞི་ཅིན་ཕིང་གིས་གསུང་བཤད་གནང་། ཁོང་གིས་དང་ཐོག་སྲིད་གཞུང་བྱ་བའི་སྙན་ཞུ་ལ་འཐད་པ་ཡིན་ཞེས་གསུངས་པ་དང་། ཅང་སུའུ་ཡི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་ནས་བླངས་པའི་འཕེལ་རིམ་གསར་པ་དང་ཕན་འབྲས་གསར་པར་ཁས་ལེན་གང་ལེགས་གནང་ཞིང་། ཅང་སུའུ་ཡིས་ཡིད་ཆེས་ཆེར་སྐྱེད་དང་ངར་ཤུགས་གཅིག་སྒྲིམ། འགན་འཁྲི་ནན་ཁུར་བཅས་བྱས་ཏེ། རྒྱལ་ཡོངས་ཀྱི་ཁྱོན་ཡོངས་ལ་བྱས་རྗེས་སྔར་ལས་ཆེན་པོ་འཇོག་རྒྱུའི་རེ་བ་ཡོད་ཅེས་གསུངས། 

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཅང་སུའུ་ལ་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་སུ་གཏོང་བའི་ཆ་རྐྱེན་དང་ནུས་པ་བཟང་པོ་ལྡན། སྔོན་ཐོན་བཟོ་སྐྲུན་ལས་རིགས་ཀྱིས་རྐང་འཛིན་བྱེད་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་རྒྱུའི་གཙོ་གནད་དེ་མངོན་གསལ་དོད་པོ་ཡོང་བར་བྱེད་པ་དང་། ཚན་རྩལ་གསར་གཏོད་ཀྱིས་སྣེ་ཁྲིད་བྱེད་པ།སྲོལ་རྒྱུན་གྱི་ཐོན་ལས་རིམ་སྤོར་དང་། གསར་དར་ཐོན་ལས་རྒྱ་སྐྱེད། འབྱུང་འགྱུར་གྱི་ཐོན་ལས་སྐྱེད་སྲིང་བཅས་ལ་སྤྱི་འདོམས་ཀྱིས་སྐུལ་འདེད་གཏོང་བ། ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་འདྲེས་གཏིང་ཟབ་བྱ་རྒྱུར་ཤུགས་སྣོན་པ། སྲོལ་རྒྱུན་ཐོན་ལས་ཀྱི་སྔོན་ཐོན་གནས་བབ་ཇེ་བརྟན་དུ་གཏོང་བ། རྒྱལ་སྤྱིའི་འགྲན་རྩོད་ནུས་པ་ལྡན་པའི་འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་ཚོགས་པ་མགྱོགས་མྱུར་ངང་བསྐྲུན་པ་བཅས་བྱས་ནས་ཅང་སུའུ་དེ་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་བའི་གཡུལ་ས་གལ་ཆེན་ཞིག་ཏུ་འགྱུར་བར་བྱེད་དགོས།

ཞི་ཅིན་ཕིང་གིས་བསྟན་དོན། བཅོས་སྒྱུར་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་སྤེལ་བའི་བྱེད་ཐབས་གལ་ཆེན་བཀོད་དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་ཀྲུང་གོའི་ཁྱད་ཆོས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་ཆེད་བསྟུད་མར་སྒུལ་ཤུགས་ཆེན་པོ་སྣོན་དགོས། ཆུ་ཚད་མཐོ་བའི་སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་སྒྲིག་སྲོལ་འཛུགས་པར་དམ་དུ་དམིགས་ཏེ། རྒྱུ་ནོར་བདག་དབང་སྲུང་སྐྱོབ་དང་ཚོང་རར་ཞུགས་ཆོག་པ། འགྲན་རྩོད་དྲང་གཞག སྤྱི་ཚོགས་ཡིད་རྟོན་སོགས་ཚོང་རའི་དཔལ་འབྱོར་གྱི་རྨང་གཞིའི་ལམ་ལུགས་གང་མགྱོགས་ཀྱིས་འཐུས་ཚང་དུ་གཏོང་དགོས། “གཡོ་འགུལ་སྤུ་ཙམ་ཡང་མི་བྱེད་པ་གཉིས”ཀྱི་སྒྲིག་སྲོལ་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་དང་།དམངས་གཉེར་དཔལ་འབྱོར་དང་དམངས་གཉེར་ཁེ་ལས་འཕེལ་རྒྱས་དང་རྒྱ་སྐྱེད་གཏོང་བར་རྒྱབ་སྐྱོར་བྱས་ཏེ། དཔལ་འབྱོར་གཉེར་སྐྱོང་གི་གྲུབ་ཆ་གཙོ་བོའི་རིགས་ཀྱི་ནང་གནས་སྒུལ་ཤུགས་དང་གསར་གཏོད་གསོན་ཤུགས་བསྐྱེད་དགོས། ཚན་རྩལ་རྐྱེན་སྲོལ་དང་སློབ་གསོའི་རྐྱེན་སྲོལ། ཤེས་ལྡན་མི་སྣའི་རྐྱེན་སྲོལ་སོགས་ཀྱི་བཅོས་སྒྱུར་ཟབ་སྤེལ་བྱས་ཏེ། ཐོན་སྐྱེད་ནུས་ཤུགས་གསར་མའི་འཕེལ་རྒྱས་ལ་ཚོད་འཛིན་བྱེད་པའི་འགག་གནད་སྒྲོལ་ཐབས་བྱེད་དགོས། ཚོང་ར་ཅན་དང་ཁྲིམས་ལུགས་ཅན། རྒྱལ་སྤྱི་ཅན་བཅས་ཀྱི་ཚོང་གཉེར་ཁོར་ཡུག་བཟང་ཤོས་རྒྱུན་མཐུད་ངང་བསྐྲུན་ཏེ། ཆུ་ཚད་སྔར་ལས་མཐོ་བའི་སྒོ་འབྱེད་ཅན་གྱི་དཔལ་འབྱོར་གྱི་དགེ་མཚན་གསར་པ་བསྐྲུན་དགོས།

ཞི་ཅིན་ཕིང་གིས་བསྟན་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ་ང་ཚོས་ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ཀྱི་འཐབ་ཇུས་དང་ས་ཁོངས་ཀྱི་འཐབ་ཇུས་གལ་ཆེན། གཙོ་ནུས་ཐོན་ཁུལ་གྱི་འཐབ་ཇུས་སོགས་རབ་དང་རིམ་པ་ལག་བསྟར་བྱས་ནས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་འདེགས་སྐྱོར་གྱི་ནུས་པ་གལ་ཆེན་བཏོན་ཡོད། ཅང་སུའུ་འདི་ཉིད་འབྲི་ཆུའི་དཔལ་འབྱོར་རྒྱུད་ཀྱི་འཕེལ་རྒྱས་དང་འབྲི་ཆུའི་ཟུར་གསུམ་གླིང་གཞི་གཅིག་ཅན་གྱི་འཕེལ་རྒྱས་འཐབ་ཇུས་ཁྲོད་ཡོངས་སུ་འདྲེས་པར་བྱེད་པ་དང་དེར་ཞབས་འདེགས་ཞུས་ཏེ། ས་ཁོངས་གཞན་དག་གི་འཕེལ་རྒྱས་འཐབ་ཇུས་དང་ས་ཁོངས་ཀྱི་འཐབ་ཇུས་གལ་ཆེན་དང་སྦྲེལ་མཐུད་བྱ་རྒྱུར་ཤུགས་བསྣན་ཏེ། ཁྱབ་ཁོངས་སྔར་ལས་ཆེན་པོའི་ནང་གསར་གཏོད་ཀྱི་ཕྲེང་འབྲེལ་དང་ཐོན་ལས་ཀྱི་ཕྲེང་འབྲེལ། མཁོ་སྤྲོད་ཀྱི་ཕྲེང་འབྲེལ་བཅས་བཙུགས་ནས་དཔལ་འབྱོར་ཞིང་ཆེན་ཆེ་གྲས་ཀྱིས་ས་ཁོངས་དང་ཐ་ན་རྒྱལ་ཡོངས་ཀྱི་འཕེལ་རྒྱས་ལ་ཕན་པའི་སྒུལ་ཤུགས་ཆེན་པོ་སྔར་ལས་འདོན་སྤེལ་བྱེད་དགོས།

ཞི་ཅིན་ཕིང་གིས་བསྟན་དོན། དཔལ་འབྱོར་བསྐྱར་འཕེལ་དང་ལེགས་ཕྱོགས་སུ་འགྲོ་བའི་རྣམ་པ་མུ་མཐུད་དུ་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དང་། སྤྱི་ཚོགས་ཡོངས་ཀྱི་འཕེལ་རྒྱས་ཀྱི་ཡིད་ཆེས་འཕེལ་བར་ཐོག་མར་ཏང་ཡོན་ལས་བྱེད་པའི་ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་དངོས་འཛིན་དངོས་སྒྲུབ་བྱེད་དགོས། བརྗོད་དོན་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དང་། ཡུན་ཕན་རྐྱེན་སྲོལ་འཛུགས་པ། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཡོ་བསྲང་མཐའ་གཅིག་ཏུ་བྱེད་པ། གཞི་རིམ་གྱི་ཁུར་པོ་ཇེ་ཡང་དུ་གཏོང་བ། ཏང་ཡོངས་དང་སྤྱི་ཚོགས་ཡོངས་ཀྱི་གསར་གཏོད་གསོན་ཤུགས་བསྐྱེད་པ། ཏང་ཡོན་ལས་བྱེད་པའི་ལས་སྒྲུབ་ལས་སྐྲུན་གྱི་སྙིང་སྟོབས་ཇེ་ཆེར་གཏོང་བ་བཅས་བྱེད་དགོས། མི་དམངས་དཀྱིལ་སྙིང་ཡིན་པའི་འཕེལ་རྒྱས་ཀྱི་བསམ་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། འཕེལ་རྒྱས་ཁྲོད་དམངས་ཚིས་འགན་ལེན་གྱི་ཆུ་ཚད་བརྟན་པོས་ཇེ་མཐོར་གཏོང་བ་དང་རྒྱ་ཆེའི་མང་ཚོགས་ཀྱིས་རང་ཉིད་ཀྱི་ལག་ཟུང་ལ་བརྟེན་ནས་བདེ་སྐྱིད་འཚོ་བ་བསྐྲུན་རྒྱུར་ཁྲིད་སྟོན་དང་སྐུལ་ལྕག་བྱེད་དགོས།

ཞི་ཅིན་ཕིང་གིས་མཇུག་མཐར་བསྟན་དོན། བདེ་འཇགས་ཐོན་སྐྱེད་དམ་འཛིན་ཡག་པོ་བྱས་ནས་བདེ་འཇགས་ཀྱི་མི་མངོན་པའི་རྐྱེན་ངན་གྲལ་བཤེར་སྔར་ལས་ཡག་པོ་བྱེད་པ་དང་། ཉེན་ཟོན་ལྟ་ཞིབ་ཚད་ལེན་ལ་ཤུགས་སྣོན་པ། འཕྲལ་བསྟུན་བྱེད་ཐབས་དོན་འཁྱོལ་བཅས་བྱས་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་འགན་ལེན་བྱེད་དགོས་ཞེས་ནན་གྱིས་གསུང་།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་གཞུང་སྒྲུབ་ཐིན་གྱི་ཀྲུའུ་རིན་ཚའེ་ཆི་གྲོས་ཞིབ་ལ་ཞུགས།

མུའུ་ཧུང་དང་ཅང་ཞིན་ཀྲི་སོགས་ཀྱང་གྲོས་ཞིབ་ཞུགས།

རྩོམ་སྒྲིག་པ། ནམ་མཁའ་ཚེ་རིང་།