མདུན་ངོས། བློ་སྟོན་ཁྲིམས་ཁང་། བཅའ་ཁྲིམས་རྒྱུན་ཤེས། གངས་ལྗོངས་ཁྲིམས་ར། དཔེ་མཚོན་གྱོད་དཔེ། རྩོམ་རིག བརྙན་ཟློས།

ལིས་ཆང་ཡུན་ནན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས་པ།

  2024-03-06 19:11:08 

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་ཚེས5ཉིན་གྱི་ཕྱི་དྲོར་ཁོང་ཡོད་སའི་ཡུན་ནན་འཐུས་ཚབ་ཚོགས་པར་ཕེབས་ནས་འཐུས་མི་རྣམས་དང་མཉམ་དུ་སྲིད་གཞུང་བྱ་བའི་སྙན་ཞུར་གྲོས་ཞིབ་བྱས། སུའུ་ཡུང་ཀྲུང་དང་ཞུའུ་ཨན་ཚི། ལིས་ཝུན་ཧུའེ་སོགས་འཐུས་མིས་སྔ་གཞུག་ཏུ་གཏམ་བཤད་པ་དང་། ལིས་ཆང་གིས་གསན་ཞོར་དུ་ཟིན་ཐོ་བཀོད་པར་མ་ཟད། མཚམས་མཚམས་སུ་ཚང་མ་དང་མཉམ་དུ་བསམ་ཚུལ་བརྗེ་རེས་མཛད།

འཐུས་མི་རྣམས་ཀྱི་གཏམ་བཤད་ལ་གསན་རྗེས། ལིས་ཆང་གིས་འདས་པའི་ལོ་གཅིག་གི་རིང་ལ། སྣ་མང་རྙོག་འཛིང་གི་རྒྱལ་སྤྱིའི་ཁོར་ཡུག་དང་དཀའ་ཚེགས་ཆེ་བའི་བཅོས་སྒྱུར་འཕེལ་རྒྱས་གཏན་འཇགས་བཅས་ཀྱི་ལས་འགན་ལ་དམིགས་ཏེ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཏང་ཡོངས་དང་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་ཕྱི་ཕྱོགས་ཀྱི་གནོན་ཤུགས་ཐེག་པར་བྱས་པ་དང་ནང་ཁུལ་གྱི་དཀའ་ཁག་སེལ་ལ། དཀའ་སྤྱད་འབད་འཐབ་བྱས་ཏེ་ལོ་ཧྲིལ་བོའི་དམིགས་འབེན་ལས་འགན་གཙོ་བོ་བདེ་བླག་ངང་ཡོངས་འགྲུབ་བྱས་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཏན་ཏིག་གིས་སྐུལ་འདེད་བཏང་ཞིང་། སྤྱི་ཚོགས་ཕྱོགས་ཡོངས་ཀྱི་གཏན་འཇགས་སྲུང་འཛིན་བྱས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པར་གོམ་སྟབས་བརྟན་པོ་སྤོས། གྲུབ་འབྲས་དེ་དག་ནི་ཐོབ་སླ་མོ་ཞིག་མིན་པས། ང་ཚོས་གཏན་ཕབ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ་དང་འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ། ཡིད་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོང་གཉིས་སྒྲུབ་པ། སྔར་ལས་རང་རྟོགས་སྒོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པར་བརྟེན་ནས་བསམ་བློར་དྲག་ཆས་སྤྲས་པ་དང་ལག་ལེན་ལ་མཛུབ་སྟོན་བྱེད་པ། བྱ་བར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་ཐོག་མཐའ་བར་གསུམ་དུ་བསམ་བློ་དང་ཆབ་སྲིད། བྱ་སྤྱོད་བཅས་ཀྱི་སྟེང་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་བྱེད་དགོས། བརྟན་ཐོག་ཡར་འཕེལ་གྱི་བྱ་བའི་སྤྱིའི་དགོངས་གཞི་རྒྱུན་འཁྱོངས་བྱེད་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་ཡང་དག་པ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱེད་པ། ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་ཧུར་ཐག་འབད་འཐབ་བྱེད་པ། ཕན་ཡོད་གོ་སྐབས་ཡོད་ཚད་དམ་འཛིན་དང་བཀོལ་སྤྱོད་བྱེད་པ། དཔལ་འབྱོར་ཐད་ནས་སྤུས་ཀའི་ནུས་ཡོད་མཐོར་འདེགས་དང་གྲངས་ཀའི་ལུགས་མཐུན་འཕར་སྣོན་མངོན་འགྱུར་བྱེད་པར་རྒྱུན་མཐུད་ངང་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་ལས་དོན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་དགོས་ཞེས་གསུངས།

ལིས་ཆང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུན་ནན་གྱི་འཕེལ་རྒྱས་ལ་རེ་བ་ཆེན་པོ་བཅངས་ཡོད་པས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཡུན་ནན་གྱི་བྱ་བའི་ཐད་ཀྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་ཟབ་མོ་བྱེད་པ་དང་། ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་ཀྱི་བཀོད་སྒྲིག་ཡོངས་དང་སྲིད་གཞུང་བྱ་བའི་སྙན་ཞུའི་བྱེ་བྲག་གི་བཀོད་སྒྲིག་ལྟར། དགེ་མཚན་འདོན་སྤེལ་དང་ཁྱད་ཆོས་མངོན་པར་བྱེད་པ། མགྱོགས་མྱུར་སྒོས་ཚུལ་སྒྱུར་རིམ་སྤོར་བྱེད་པ། རྒྱལ་ཁབ་ཀྱི་ཁུལ་ཁོངས་མཐུན་སྦྱོར་འཕེལ་རྒྱས་ཀྱི་སྤྱི་ཡོངས་ཁྲོད་སྔར་ལས་བཟང་པོར་འདྲེས་པར་བྱས་ཏེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་གྲུབ་འབྲས་གསར་པ་ལེན་པར་སྐུལ་འདེད་གཏོང་དགོས། ཁྱད་ལྡན་དགེ་མཚན་ཐོན་ལས་འཕེལ་རྒྱས་བྱ་བ་བཟང་པོར་སྒྲུབ་སྟེ་གཙོ་གཞིའི་བྱེད་ནུས་ཀྱི་ངེས་གནས་ནས་འགོ་རྩོམ་པ་དང་། ཡུལ་བབ་དང་བསྟུན་པ་དང་ཐུན་མིན་ཁྱད་ཆོས་དར་སྤེལ་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ཏེ་སྔོན་ཐོན་བཟོ་སྐྲུན་ལས་རིགས་དང་མཐོ་སྒང་གི་ཁྱད་ལྡན་ཞིང་ལས་དང་ཡུལ་སྐོར་ལས་རིགས་ཤུགས་ཆེན་པོས་འཕེལ་རྒྱས་གཏོང་དགོས། ཕྱི་ཕྱོགས་སྒོ་འབྱེད་ལག་བསྟར་བཟང་པོ་བྱས་ཏེ་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ལ་རྒྱུན་མཐུད་ངང་ཤུགས་སྣོན་པ་དང་ཚོང་གཉེར་ཁོར་ཡུག་རྒྱུན་ཆད་མེད་པར་ལེགས་སྒྱུར་བྱེད་པ། ཨེ་ཤ་ཡ་ལྷོ་མ་དང་ཨེ་ཤ་ཡ་ཤར་ལྷོར་ཕྱོགས་པའི་ཁྱབ་འབྱེད་ལྟེ་གནས་མགྱོགས་མྱུར་སྒོས་བསྐྲུན་པ། ཤུགས་ཆེན་པོས་ཤར་ཕྱོགས་ས་ཁུལ་གྱི་ཐོན་ལས་སྤོ་སྒྱུར་འབྲེལ་མཐུད་བྱེད་པ་བཅས་བྱས་ནས་ས་བབ་ཀྱི་ལེགས་ཆ་དེ་སྔར་ལས་བཟང་པོའི་སྒོ་ནས་ཕྱི་ཕྱོགས་སྒོ་འབྱེད་ཀྱི་དགེ་མཚན་གསར་པར་འགྱུར་བར་བྱེད་དགོས། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བའི་ལས་འགན་གཙོ་བོ་དམ་འཛིན་བྱས་ཏེ་གཞི་ཁྱོན་རང་བཞིན་གྱིས་ཡང་བསྐྱར་དབུལ་བོར་མི་འགྱུར་བའི་ཚད་མཐའ་བརྟན་སྲུང་བྱེད་པའི་རྨང་གཞིའི་སྟེང་དུ། གྲོང་གསེབ་དར་སྤེལ་དང་མཐའ་དར་དམངས་ཕྱུག་སོགས་སྲིད་ཇུས་སོ་སོར་སྤྱི་འདོམས་བཟང་པོ་བྱེད་པ་དང་ལས་རིགས་སློབ་གསོ་དང་རྩལ་ནུས་གསོ་སྦྱོང་བྱེད་ཤུགས་ཇེ་ཆེར་གཏོང་བ། ཐབས་བརྒྱ་ཇུས་སྟོང་གིས་མཁར་གྲོང་སྡོད་དམངས་ཀྱི་ཡོང་འཕར་ཕྱུག་འགྱུར་ལ་ཡར་སྐུལ་བྱས་ཏེ་མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་བརྟན་འཇགས། མཐའ་མཚམས་བརྟན་འཇགས་བཅས་ཀྱི་རྣམ་པ་བཟང་པོ་རྒྱུན་མཐུད་ངང་སྲ་བརྟན་དུ་གཏོང་དགོས་ཞེས་ནན་གྱིས་བསྟན།


རྩོམ་སྒྲིག་པ། ནམ་མཁའ་ཚེ་རིང་།