རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པ་འཚོགས་ལ་ཉེ་དུས། མཚོ་སྔོན་འཐུས་ཚབ་ཚོགས་པས་འཐུས་མིའི་གྲོས་གཞི་དང་གྲོས་འཆར་གྲ་སྒྲིག་ནན་མོ་བྱས། མིག་སྔའི་བར་དུ་གྲ་སྒྲིག་བྱས་པའི་འཐུས་མིའི་གྲོས་གཞི་དང་གྲོས་འཆར་ཁྱོན་བསྡོམས་བརྒྱ་ལྷག་ཡོད་ཅིང་། དེའི་ཁྲོད་འཐུས་ཚབ་ཚོགས་པའི་མིང་ཐོག་ནས་ཚོགས་ཆེན་ལ་གྲོས་གཞི་གཅིག་དང་གྲོས་འཆར་བཅུ་དྲུག་འདོན་རྩིས་ཡོད་པ་དང་། དེ་སྐྱེ་ཁམས་སྲུང་སྐྱོབ་དང་། ཐོན་ལས་ཀྱི་གནས་བཞི་འཛུགས་སྐྲུན། མི་རིགས་མཐུན་སྒྲིལ། གཞི་གྲངས་དཔལ་འབྱོར། སློབ་གསོ་དང་ཚན་རིག རིག་གནས་དང་འཕྲོད་བསྟེན་སོགས་ལ་འབྲེལ་བ་ཡོད།
འཐུས་མིས་གྲོས་གཞི་དང་གྲོས་འཆར་འདོན་པ་ནི་དམངས་ཆེན་གྱིས་འགན་དབང་ལག་བསྟར་བྱེད་པའི་རྨང་གཞི་དང་། འཐུས་མིས་ནུས་པ་འདོན་སྤེལ་བྱེད་པའི་གཙོ་གནད། གོང་རིམ་དང་འོག་རིམ་བར་འབྲེལ་འདྲིས་བྱེད་པའི་ཟམ་པ། ཞིང་ཆེན་གྱི་གནས་ཚུལ་དང་དམངས་ཀྱི་འདོད་བློ་མཚོན་པའི་ཐབས་ལམ་དང་། རྒྱབ་སྐྱོར་དང་རོགས་རམ་བརྩོན་ལེན་བྱས་ཏེ་རང་ཞིང་གི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་གོ་སྐབས་གལ་ཆེན་བཅས་ཡིན། ན་ནིང་ནས་བཟུང་། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་འགན་ནུས་འདོན་སྤེལ་བྱས་ཏེ། ཆེད་དོན་བརྟག་དཔྱད་ཐེངས་གཅིག་དང་། གཅིག་བསྡུས་ལྟ་ཞིབ་ཐེངས་གཅིག ཁྲིམས་ལུགས་ཞིབ་ཀློག་ཐེངས་གཅིག་བཅས་རྩ་འཛུགས་ཞིབ་མོ་བྱས་ཏེ་སྤེལ་ལ། གྲ་སྒྲིག་གྲོས་ཚོགས་ཐེངས་གཉིས་དང་གྲོས་གཞི་དང་གྲོས་འཆར་གྲོས་སྡུར་ཚོགས་འདུ་ཐེངས་གཉིས་བསྡུས་པ་དང་། འཐུས་མིའི་གསོ་སྦྱོང་ཐེངས་དྲུག་ལ་སྤེལ། དེ་དང་མཉམ་དུ། འཐུས་མི་མི་སྒེར་གྱི་གྲོས་གཞི་ཕྱོགས་བསྡུས་བྱེད་པ་དང་། ཞིང་ཆེན་ཐད་གཏོགས་ཀྱི་འབྲེལ་ཡོད་སྡེ་ཁག་ལ་འབྲེལ་འདྲི་བྱས་ཏེ་བློ་འདོན་མཛུབ་སྟོན་བྱས་ནས། འཐུས་མིས་སྤུས་ཚད་མཐོ་བའི་གྲོས་གཞི་དང་གྲོས་འཆར་འདོན་པར་རོགས་ཤུགས་བཏོན། འཐུས་མི་རྣམས་ཀྱིས་རང་གི་བྱ་བ་དང་ཆེད་ལས་ཀྱི་ཁྱབ་ཁོངས་ལ་འབྲེལ་ཏེ། དངོས་སུ་བརྟག་དཔྱད་དང་བསམ་གཞིགས་ཞིབ་མོ་བྱས་ཤིང་། ཕྱོགས་མང་པོ་ནས་ཞིང་ཆེན་གྱི་གནས་ཚུལ་དང་མི་དམངས་ཀྱི་འདོད་བློར་རྒྱུས་ལོན་བྱས་པ་དང་། འབྲེལ་ཡོད་སྡེ་ཁག་བར་གྱི་འབྲེལ་འདྲིས་ལ་ཤུགས་བསྣན་ནས། ཁ་གཏད་རང་བཞིན་གྱི་གྲོས་གཞི་ཁ་ཤས་གྲ་སྒྲིག་བྱས།
འཐུས་མི་རྣམས་ཀྱིས་གཅིག་གྱུར་གྱིས་བསྟན་དོན། བསམ་བློའི་ངོས་འཛིན་སྔར་ལས་ཇེ་མཐོར་གཏོང་བ་དང་། ཞིང་ཆེན་གྱི་གནས་ཚུལ་དངོས་དེ་རྐང་འཛུགས་སར་བྱེད་པ་དང་། མང་ཚོགས་ཀྱི་རེ་འདུན་དེ་འགོ་རྩོམ་ས་བྱས་ཏེ། མཐུན་སྦྱོར་མཉམ་འདྲེས་ལ་མཐོང་ཆེན་དང་། གོ་སྐབས་དམ་འཛིན་གང་ལེགས་བྱས་ནས། རྒྱལ་ཁབ་ཀྱི་དོན་ཆེན་ལ་དམིགས་པ་དང་། ཞིང་ཆེན་གྱི་དགོས་མཁོར་དམིགས་པ། མི་དམངས་ཀྱི་འདོད་བློར་མཐོང་ཆེན་བྱས་ཏེ། བློ་འདོན་ཇུས་འབུལ་དང་འགན་སྒྲུབ་ཁག་ཁུར་བྱེད་དགོས་ཟེར།