ཟླ3པའི་ཚེས4ཉིན་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་བསྡུས། ཚོགས་ཆེན་གྱི་མགྲིན་ཚབ་པ་ལོའུ་ཆིན་ཅན་གྱིས་མཚམས་སྦྱོར་བྱེད་རྒྱུར། ཐེངས་འདིའི་ཚོགས་ཆེན་ཟླ3པའི་ཚེས5ཉིན་གྱི་སྔ་དྲོར་འཚོགས་འགོ་རྩོམ་རྒྱུ་དང་ཚེས11ཉིན་གྱི་ཕྱི་དྲོར་གྲོལ་རྒྱུ་ཡིན་ལ། འཚོགས་ཡུན་ཉིན7རེད། ཚོགས་ཆེན་གྱི་གྲོས་རིམ་ནང་སྲིད་གཞུང་བྱ་བའི་སྙན་ཞུ་ལ་གྲོས་ཞིབ་བྱེད་རྒྱུ་དང2023ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་གཞི་ལག་བསྟར་གནས་ཚུལ་དང2024ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་གཞིའི་འཆར་ཟིན་གྱི་སྙན་ཞུར་ཞིབ་བཤེར་བྱེད་པ་སོགས་ཁག་བདུན་ཡོད།
གསར་འགོད་པའི་དྲི་བར་ལན་འདེབས་སྐབས་ལོའུ་ཆིན་ཅན་གྱིས་བསྟན་དོན། འདས་ཟིན་པའི་ལོ་གཅིག་གི་ནང་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པ་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁྲིམས་འཛུགས་བྱ་བར་གྲུབ་འབྲས་བཟང་བོ་བླངས་པ་དང་། ཁྲིམས་འཛུགས་འཆར་འགོད་སྒྲིག་བཟོ་བྱས་ཏེ། སྐབས་འདིའི་ལོ་ལྔའི་རིང་གི་ཁྲིམས་འཛུགས་ལས་འགན་གཅིག་འདོམས་ཀྱིས་བཀོད་སྒྲིག་བྱས་ཡོད་ལ། འཆར་འགོད་དུ་རྣམ་གྲངས130ཚུད་ཡོད། བཅའ་ཁྲིམས6གཏན་འཁེལ་བྱས་པར་མ་ཟད། བཅའ་ཁྲིམས8ལ་བཟོ་བཅོས་བརྒྱབ་ཡོད། ཁྲིམས་བསྟར་ཞིབ་བཤེར་ཁག5སྤེལ་བ་དེ་ས་བོན་སྐོར་གྱི་བཅའ་ཁྲིམས་དང་བདེ་འཇགས་ཐོན་སྐྱེད་སྐོར་གྱི་བཅའ་ཁྲིམས་སོགས་བཅའ་ཁྲིམས་མང་པོ་དང་འབྲེལ་བ་ཡོད་ཟེར།
གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་ཚོགས་ཆེན་གྱི་མགྲིན་ཚབ་པས་ད་དུང་ཚན་རྩལ་རང་ཚུགས་རང་སྤེལ་དང་། ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བ། མཐའ་འཁོར་གྱི་ཕྱི་འབྲེལ་སོགས་ཐད་ནས་རྒྱལ་ཁབ་ཕྱི་ནང་གི་གསར་འགོད་པའི་དྲི་བར་ལན་བཏབ།