ཨུ་ཡོན་མགོན་པོ་བཀྲ་ཤིས་ཀྱིས་གྲང་ངར་ཆེ་ཞིང་ས་བབ་མཐོ་བའི་ས་ཁུལ་གྱི་ས་ནག་རིགས་ཀྱི་ཞན་འགྱུར་རྩྭ་ས་བཅོས་སྐྱོང་བྱེད་ཤུགས་ཇེ་ཆེར་གཏོང་རྒྱུའི་གྲོས་གཞི་བཏོན་པ།
མཚོ་སྔོན་ནི་རང་རྒྱལ་གྱི་འབྲོག་ཁུལ་ཆེན་པོ་ལྔའི་གྲས་ཀྱི་གཅིག་ཡིན་པ་དང་། རྩྭ་སའི་རྒྱ་ཁྱོན་གྱིས་རྒྱལ་ཡོངས་ཀྱི་ཨང་བཞི་པ་ཟིན་ལ། མཐོ་གྲང་གི་སྤང་ས་དང་མཐོ་གྲང་གི་རྩྭ་ས། མཐོ་གྲང་གི་ཐང་རྒོད་སོགས་རྩྭ་ས་རིགས་བདུན་ཡོད། དེའི་ཁྲོད། མཐོ་གྲང་གི་སྤང་ས་དང་རྩྭ་སའི་རིགས་ཀྱི་རྒྱ་ཁྱོན་ཆེས་ཆེ་བ་དང་། རང་རྒྱལ་གྱི་རྩྭ་སའི་གཙོ་གཞི་ཡིན་ལ། མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་ཁྲོད་དམིགས་བསལ་གྱི་ནུས་པ་གལ་ཆེན་འདོན་བཞིན་ཡོད་པས། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པར་ཞུགས་པའི་མཚོ་སྔོན་དུ་སྡོད་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་མགོན་པོ་བཀྲ་ཤིས་ཀྱིས་གྲང་ངར་ཆེ་ཞིང་ས་བབ་མཐོ་བའི་ས་ཁུལ་གྱི་ས་ནག་རིགས་ཀྱི་ཞན་འགྱུར་རྩྭ་ས་བཅོས་སྐྱོང་བྱེད་ཤུགས་ཇེ་ཆེར་གཏང་རྒྱུའི་གྲོས་གཞི་བཏོན།
མགོན་པོ་བཀྲ་ཤིས་ཀྱིས་བལྟས་ན། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་དུ། རང་ཞིང་གིས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱས་པ་དང་། རི་ཆུ་ནགས་ཞིང་དང་མཚེའུ། རྩྭ་བྱེ་གཞི་གཅིག་ཅན་གྱི་སྲུང་སྐྱོབ་དང་མ་ལག་བཅོས་སྐྱོང་ལ་གཅིག་འདོམས་བྱས་ཤིང་། ཕྱུགས་འགོག་རྩྭ་གསོ་དང་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་འཛུགས་སྐྲུན། ཞན་གྱུར་རྩྭ་སའི་སྟེང་རྩྭ་འདེབས་པ་དང་སྐྱེ་ཁམས་སླར་གསོའི་ཚོད་ལྟ་སོགས་སྐྱེ་ཁམས་བཟོ་སྐྲུན་གལ་ཆེན་རྒྱུན་མཐུད་ངང་ལག་བསྟར་བྱས་ནས། གྲུབ་འབྲས་ཅུང་བཟང་བོ་བླངས། རྩྭ་ས་ཞན་འགྱུར་གྱི་གནས་བབ་ལ་ཐོག་མའི་བཀག་སྡོམ་ཐོབ་པ་དང་། ཆུ་ཁུངས་གསོག་སྐྱིལ་ནུས་པ་རྒྱུན་མ་ཆད་པར་ཇེ་ཆེར་སོང་ལ། སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོབ་དང་སླར་གསོ་ཐོབ་པ་དང་། རྩྭ་སའི་སྐྱེ་ཁམས་སྲུང་སྐྱོབ་དང་སླར་གསོ་བྱེད་པ་གཙོ་གཞི་རུ་བྱས་པ་དང་། ཚན་རིག་དང་ལུགས་དང་མཐུན་པའི་ངང་བེད་སྤྱོད་བྱེད་པ་ཟུང་འབྲེལ་བྱས་པའི་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་གྲུབ་པར་བྱས། ཡིན་ན་ཡང་ས་ནག་ཐང་གི་ཞན་འགྱུར་རྩྭ་ས་བཅོས་སྐྱོང་བྱེད་པའི་ཕྱོགས་ནས་ད་དུང་དཀའ་གནད་ཁ་ཤས་ཡོད་པས། མཚོ་སྔོན་རང་སྟེང་གི་སྟོབས་ཤུགས་ལ་བརྟེན་ནས་ཐག་གཅོད་བྱེད་དཀའ་བར་འདོད།
མགོན་པོ་བཀྲ་ཤིས་ཀྱིས་རྒྱལ་ཁབ་ཀྱི་འབྲེལ་ཡོད་པུའུ་དང་ཨུ་ཡོན་ལྷན་ཁང་གིས་ས་ནག་ཐང་བཅོས་སྐྱོང་བྱེད་རྒྱུ་དེ་རྒྱལ་ཁབ་ཀྱི་སྐྱེ་ཁམས་སྲུང་སྐྱོབ་སླར་གསོ་དང་བཅོས་སྐྱོང་ཁྱབ་ཁོངས་གཙོ་བོའི་ཁྲོད་འཇོག་པ་དང་། ས་ནག་ཐང་བཅོས་སྐྱོང་གི་རྒྱལ་ཁབ་ཀྱི་དངུལ་གཏོང་ཚད་གཞི་གཏན་འབེབས་བྱེད་པ། ས་ནག་ཐང་གི་ཞན་འགྱུར་རྩྭ་སར་ལྟ་ཞིབ་བྱེད་ས་འཛུགས་པ་དང་། འགུལ་རྣམ་འགྱུར་ལྡོག་གི་དམིགས་འཛུགས་ཞིབ་འཇུག་སྤེལ་བ། རང་བྱུང་དང་མིས་ཐེ་གཏོགས་ཀྱི་རྣམ་པའི་འོག་གི་ས་ནག་ཐང་གི་ཞན་འགྱུར་རྩྭ་སའི་སྔོ་ཁེབས་འགྱུར་ལྡོག་ཆོས་ཉིད་ལ་རྒྱུས་ལོན་གསལ་བོ་བྱེད་པ་བཅས་བྱས་ནས། ས་ནག་ཐང་གི་ཞན་འགྱུར་རྩྭ་ས་བཅོས་སྐྱོང་བྱེད་པའི་ཐད་ལག་རྩལ་གྱི་འདེགས་སྐྱོར་འདོན་སྤྲོད་བྱ་རྒྱུའི་གྲོས་གཞི་བཏོན།