པད་ཁོས་མཚོ་སྔོན་ཞིང་ཆེན་བཞུར་རྒྱུད་གཙོ་བོའི་སྐྱེ་ཁམས་ཁ་གསབ་ཚོད་ལྟའི་ཞིང་ཆེན་དུ་གཏན་འཁེལ་བྱ་རྒྱུའི་གྲོས་གཞི་བཏོན་པ།
འབྲི་ཆུ་དང་རྨ་ཆུ། རྫ་ཆུ་སོགས་གཙང་བོ་དང་ཆུ་བོ་ཆེན་པོའི་སྟོད་རྒྱུད་ཡིན་པའི་ཆ་ནས། མཚོ་སྔོན་ལ་རྒྱལ་ཡོངས་ཀྱི་ཆུའི་ཐོན་ཁུངས་བདེ་འཇགས་དང་རྒྱུན་མཐུད་སྒོས་གསར་སྤེལ་བེད་སྤྱོད་བྱེད་པའི་ཐད་དོན་སྙིང་གལ་ཆེན་ལྡན་པས། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པར་ཞུགས་པའི་མཚོ་སྔོན་དུ་སྡོད་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་པད་ཁོས་མཚོ་སྔོན་ཞིང་ཆེན་འདི་བཞུར་རྒྱུད་གཙོ་བོའི་སྐྱེ་ཁམས་ཁ་གསབ་ཚོད་ལྟའི་ཞིང་ཆེན་དུ་གཏན་འཁེལ་བྱ་རྒྱུའི་གྲོས་གཞི་བཏོན།
པད་ཁོས་བལྟས་ན། ལོ་མང་པོའི་རིང་ལ། མཚོ་སྔོན་གྱིས་རི་སྔོ་ཆུ་དྭངས་གསེར་དངུལ་རི་ལས་ལྷག་པའི་འདུ་ཤེས་བརྟན་པོར་བཙུགས་པ་དང་ལག་བསྟར་བྱས་ཏེ་སྐྱེ་ཁམས་སྲུང་སྐྱོབ་དམིགས་བསལ་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་པ་དང་། ལྗང་མདོག་འཕེལ་རྒྱས་ལ་ཤུགས་ཆེན་པོས་སྐུལ་འདེད་བཏང་སྟེ་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཐད་གྲུབ་འབྲས་མངོན་གསལ་བླངས་ནས་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་དང་མི་རིགས་ཀྱི་རྒྱུན་མཐུད་འཕེལ་རྒྱས་ཐད་བྱས་རྗེས་གལ་ཆེན་བཞག་ཡོད། མཚོ་སྔོན་དུ་བཞུར་རྒྱུད་གཙོ་བོའི་སྐྱེ་ཁམས་ཁ་གསབ་ཚོད་ལྟ་སྤེལ་བར་སྲིད་ཇུས་ཀྱི་གཞི་འཛིན་ས་ཡོད་ལ། བྱ་བའི་རྨང་གཞི་ཡོད་པར་མ་ཟད། དངོས་ཡོད་ཀྱི་རིན་ཐང་དེ་ལས་ཀྱང་ལྡན་པར་འདོད།
པད་ཁོ་ཡིས་མཚོ་སྔོན་ཚོད་ལྟའི་གནས་སུ་བྱས་ཏེ་རྒྱལ་ཁབ་ཀྱི་ངོས་ནས་གཅིག་གྱུར་གྱི་མཐུན་སྦྱོར་སྐུལ་འདེད་རྐྱེན་སྲོལ་བཙུགས་ཏེ་ས་ཁུལ་སོ་སོས་ཞིང་ཆེན་བརྒལ་བའི་ཁ་གསབ་རྐྱེན་སྲོལ་མགྱོགས་མྱུར་སྒོས་འཛུགས་པར་མཛུབ་སྟོན་དང་ལྟ་སྐུལ་བྱ་རྒྱུ་དང་། མཚོ་སྔོན་ཚོད་ལྟའི་གནས་སུ་བྱས་ཏེ་འགོ་ཁུངས་དང་གཙང་ཆུ་མཚོ་མོར་འབབ་ས། མགོ་ཁུངས་དང་ཆུ་བོའི་སྨད་རྒྱུད་ཀྱི་བཞུར་རྒྱུད་ཡོངས་ཀྱི་ས་ཁུལ་བརྒལ་བའི་ཁ་གསབ་རྐྱེན་སྲོལ་འཛུགས་པ་དང་། བཞུར་རྒྱུད་ཀྱི་དངོས་ཡོད་གནས་ཚུལ་དང་ཟུང་འབྲེལ་བྱས་ཏེ་བཞུར་རྒྱུད་ཀྱི་སྐྱེ་ཁམས་ཁ་གསབ་རྐྱེན་སྲོལ་ཁྲོད་ཀྱི་གཙོ་གཞིའི་འགན་འཁྲི་དང་ཁ་གསབ་བྱེད་ཡུལ་གཏན་འཁེལ་བྱེད་པ། ཁེ་ཕན་ཐོབ་པའི་ཕྱོགས་ཀྱིས་ལུགས་མཐུན་སྒོས་དངུལ་སྤྲོད་པ་དང་སྲུང་སྐྱོབ་བྱེད་པའི་ཕྱོགས་ལ་ལུགས་མཐུན་ངང་ཁ་གསབ་སྟེར་བ། འབག་བཙོག་བཟོ་བའི་ཕྱོགས་ལ་ལུགས་མཐུན་སྒོས་ཆད་པ་གཅོད་པའི་རྣམ་པ་བཟང་བོ་གྲུབ་པར་བྱ་རྒྱུ། ཚན་རིག་དང་མཐུན་པའི་ངང་བཞུར་རྒྱུད་ཀྱི་སྐྱེ་ཁམས་ཁ་གསབ་དངུལ་གྱི་བགོ་བཤའི་རྣམ་པ་བཙུགས་ནས་ཕྱོགས་སོ་སོའི་ཐད་ཀྱི་ཁ་གསབ་ཡོང་འབབ་ལུགས་མཐུན་ངང་གཏན་འཁེལ་བྱ་རྒྱུ་མ་ཟད། མགོ་ཁུངས་ས་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་དོན་དངོས་ལ་བསམ་གཞིགས་བཏང་སྟེ་འགོ་ཁུངས་ས་ཁུལ་གྱི་དམངས་ཚིས་ལེགས་བཅོས་དང་ཐོན་ལས་འཕེལ་རྒྱས་ལ་ལུགས་མཐུན་གྱིས་རྒྱབ་སྐྱོར་བྱེད་པ་དང་། བཞུར་རྒྱུད་ཀྱི་སྐྱེ་ཁམས་ཁ་གསབ་ཀྱི་སྐུལ་འདེད་བྱེད་ནུས་སྔར་ལས་འདོན་སྤེལ་བྱ་རྒྱུའི་གྲོས་གཞི་བཏོན།