ཉེ་ཆར། མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་སྤྱི་བདེ་ཅུའུ་ཡིས་ཁྲིམས་འགལ་ངང་རི་སྐྱེས་སྲོག་ཆགས་རྔོན་པ་དང་ཉོ་འཚོང་། སྐྱེལ་འདྲེན། ཕྱིར་འཚོང་བཅས་ཀྱི་ཉེས་བསགས་ཚོགས་པ་ཞིག་རྩ་མེད་བཟོས་ཤིང་། ཉེས་བསགས་དོགས་ཡོད་མི་སྣ5འཛིན་བཟུང་བྱས་པ་དང་། རྔོན་རྒྱག་ལག་ཆ5བཙན་ཉར་བྱས་ཤིང་གླ་རོ1རྩད་ཆོད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། 2023ལོའི་ཟླ6པ་ནས་བཟུང་། ཉེས་བསགས་དོགས་ཡོད་མི་སྣ་མཱ་ཆེ་གེ་མོ་སོགས་ཀྱིས་འབྲོག་ཁྱིམ་དུ་ཞོར་ལས་བྱེད་པའི་མིང་ཐོག་ནས་རྨ་ཆེན་རྫོང་གངས་རི་ཤང་གི་མངའ་ཁོངས་སུ་རང་གིས་བཟོས་པའི་རྒྱ་རྙི་སྤྱད་དེ་ཁྲིམས་འགལ་ངང་རི་སྐྱེས་སྲོག་ཆགས་རྔོན་པར་མ་ཟད། རྔོན་ཟིན་པའི་གླ་བ་རྣམས་རྟ་བོ་གྲོང་རྡལ་དུ་མི་གཞན་ལ་བཙོངས་པ་རེད།
2023ལོའི་ཟླ12པའི་ཚེས10ཉིན། རྨ་ཆེན་རྫོང་སྤྱི་བདེ་ཅུའུ་ནགས་ཚལ་ཉེན་རྟོག་རུ་ཆེན་གྱི་མི་དམངས་ཉེན་རྟོག་པས་ཁུངས་སྣེ་གཞིར་བཟུང་སྟེ། ཡུལ་དངོས་སུ་ཁྲིམས་འགལ་ངང་རི་དྭགས་རྔོན་པའི་བྱ་སྤྱོད་སྤེལ་བཞིན་པའི་དོགས་ཡོད་ཉེས་ཅན་མཱ་ཆེ་གེ་མོ་སའེ་དང་མཱ་ཆེ་གེ་མོ་ཆོན་གཉིས་འཛིན་བཟུང་བྱས་ཤིང་། རྒྱ་རྙིས་བཟུང་བའི་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོང་སྲོག་ཆགས་གླ་བ1ལག་སོན་བྱུང་།
རྗེས་སུ་གྱོད་སྒྲུབ་མི་དམངས་ཉེན་རྟོག་པས་ཟི་ལིང་གྲོང་ཁྱེར་ཧོང་ཀྲུང་རྫོང་ཧྲང་ཝུའུ་ཀྲོང་གྲོང་རྡལ་དང་ཀན་སུའུ་ཞིང་ཆེན་ག་ཅི་ཁུལ་ཅི་ཧྲི་ཧྲན་རྫོང་སོགས་སུ་བརྟག་དཔྱད་བྱེད་པར་བསྐྱོད་པ་དང་། ཚོགས་པ་དེའི་ཉེས་བསགས་དོགས་ཡོད་མི་སྣ་མཱ་ཆེ་གེ་མོ་ཧྲན་དང་ཆན་ཆེ་གེ་མོ་ཧྲན། མཱ་ཆེ་གེ་མོ་ལིན་བཅས་བཟུང་སྟེ། ཁྲིམས་འགལ་ངང་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོང་སྲོག་ཆགས་གླ་བ་རྔོན་པ་དང་སྐྱེལ་འདྲེན། ཕྱིར་འཚོང་བཅས་བྱེད་མཁན་གྱི་ཉེས་བསགས་ཚོགས་པའི་ཉེས་བསགས་མི་སྣ་ཚང་མ་ཁྲིམས་ལ་སྦྱར།
བརྟག་དཔྱད་བྱས་པར་གཞིགས་ན། ཉེས་བསགས་དོགས་ཡོད་མི་སྣ་མཱ་ཆེ་གེ་མོ་སའེ་དང་མཱ་ཆེ་གེ་མོ་ཆོན། མཱ་ཆེ་གེ་མོ་ཧྲན། ཆན་ཆེ་གེ་མོ་ཧྲན་སོགས་ཀྱིས་ཁེ་བཟང་རེག་ཆེད། ཁྲིམས་འགལ་ངང་རི་སྐྱེས་སྲོག་ཆགས་རྔོན་པར་མ་ཟད། འཛིན་བཟུང་བྱས་པའི་གླ་བ5མཱ་ཆེ་གེ་མོ་ལིན་སོགས་ལ་བཙོངས་ནས་ཁེ་བཟང་སྒོར་ཁྲི5.45རེག་ཡོད།
མིག་སྔར། ཉེས་བསགས་དོགས་ཡོད་མི་སྣ5པོར་རྩ་ཆེ་ཞིང་འཇིག་ལ་ཉེ་བའི་རི་སྐྱེས་སྲོག་ཆགས་ལ་གནོད་འཚེ་བཏང་བའི་དོགས་གཞི་ཡོད་པས། རྨ་ཆེན་རྫོང་སྤྱི་བདེ་ཅུས་ཀྱིས་ཁྲིམས་ལྟར་བཙན་ཤེད་བྱེད་ཐབས་སྤྱད་པ་དང་། གྱོད་གཞི་ལ་མུ་མཐུད་དུ་མྱུལ་ཞིབ་བྱེད་བཞིན་པའི་སྒང་རེད།