མདུན་ངོས། བློ་སྟོན་ཁྲིམས་ཁང་། བཅའ་ཁྲིམས་རྒྱུན་ཤེས། གངས་ལྗོངས་ཁྲིམས་ར། དཔེ་མཚོན་གྱོད་དཔེ། རྩོམ་རིག བརྙན་ཟློས།

སྲིད་གྲོས་སྐབས13པའི་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས2པའི་ཆབ་སྲིད་གྲོས་ཆོད།

  2024-01-31 17:21:29 

ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅུ་གསུམ་པའི་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གཉིས་པའི་ཆབ་སྲིད་གྲོས་ཆོད།

(2024ལོའི་ཟླ1ཚེས27ཉིན་སྲིད་གྲོས་སྐབས་བཅུ་གསུམ་པའི་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གཉིས་པའི་སྟེང་གྲོས་འཆམ་བྱུང)

ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅུ་གསུམ་པའི་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གཉིས་པ2024ལོའི་ཟླ1པོའི་ཚེས23ཉིན་ནས་ཚེས27ཉིན་བར་ཟི་ལིང་དུ་འཚོགས།

ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲེན་ཀང་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཞིང་ཆེན་མི་དམངས་སྲིད་གཞུང་གི་ཧྲིན་ཀྲང་ཝུའུ་ཞའོ་ཅུན་སོགས་མགོ་ཁྲིད་བློ་མཐུན་ཚོགས་འདུར་ཞུགས་ནས་ཨུ་ཡོན་དང་བསམ་ཚུལ་བརྗེ་རེས་བྱས་པར་མ་ཟད་འཕེལ་རྒྱས་ཀྱི་ཇུས་ཆེན་ལ་མཉམ་དུ་གྲོས་སྡུར་བྱས། གྲོས་ཚོགས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས་མཛུབ་ཁྲིད་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་དང་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བའི་ཐད་བཏོན་པའི་བླང་བྱ་གལ་ཆེན་ཕྱོགས་ཡོངས་ནས་ལག་བསྟར་བྱས་པ་དང་། ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་བཀོད་སྒྲིག་དོན་འཁྱོལ་ནན་མོ་བྱས་ནས་གྲོས་མོལ་སྲིད་གླེང་གཏིང་ཟབ་དང་ཐུན་མོང་གི་ངོས་འཛིན་གཅིག་སྡུད་རྒྱ་ཆེར་བྱས་ཏེ་གྲོས་རིམ་ཁག་སོ་སོ་བདེ་བླག་ངང་ཡོངས་འགྲུབ་བྱས་ནས་གྲུབ་འབྲས་གལ་ཆེན་བླངས། གྲོས་ཚོགས་ཀྱིས་ཀྲུའུ་ཞི་མགོན་པོ་བཀྲ་ཤིས་ཀྱིས་སྲིད་གྲོས་སྐབས་བཅུ་གསུམ་པའི་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ནས་ཕུལ་བའི་བྱ་བའི་སྙན་ཞུར་གྲོས་ཞིབ་བྱས་ཏེ་ཆོག་མཆན་བཀོད་པ་དང་།  ཀྲུའུ་ཞི་གཞོན་པ་ཁོང་ཡུང་གིས་ཕུལ་བའི་གྲོས་གཞིའི་བྱ་བའི་གནས་ཚུལ་གྱི་སྙན་ཞུར་གྲོས་ཞིབ་བྱས་ནས་ཆོག་མཆན་བཀོད་ལ། སྲིད་གྲོས་སྐབས་བཅུ་གསུམ་པའི་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ཆེན་མོ་བདམས་ཐོན་བྱུང་། ཨུ་ཡོན་རྣམས་མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པར་ཟུར་ཞུགས་བྱས་ནས་ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་ཕུལ་བའི་སྲིད་གཞུང་བྱ་བའི་སྙན་ཞུར་ཉན་པར་མ་ཟད་གྲོས་སྡུར་བྱས་པ་དང་། ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་བྱ་བའི་སྙན་ཞུ་དང་། ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་བྱ་བའི་སྙན་ཞུ། འབྲེལ་ཡོད་སྙན་ཞུ་གཞན་དག་སོགས་ལ་ཉན་ནས་གྲོས་སྡུར་བྱས་པ་དང་། ཚང་མ་མོས་མཐུན་བྱུང་བར་མ་ཟད་བསམ་འཆར་དང་གྲོས་གཞི་བཏོན།

གྲོས་ཚོགས་སྟེང་བལྟས་ན། འདས་ཟིན་པའི་ལོ་གཅིག་ནི་མཚོ་སྔོན་གྱི་འཕེལ་རྒྱས་བརྒྱུད་རིམ་ཁྲོད་དུ་གལ་འགངས་ཤིན་ཏུ་ཆེ་བའི་ལོ་གཅིག་ཡིན་པ་དང་། དོན་ཆེན་དོན་གནས་གཅིག་ཏུ་འདུས་པ་དང་། བྲེལ་དཀའི་དོན་དག་གཅིག་ཏུ་བརྩེགས་ཤིང་། ཉེན་ཁ་རྐྱེན་ངན་བསྣོལ་ལ། བཅོས་སྒྱུར་དང་འཕེལ་རྒྱས། བརྟན་འཇགས་བཅས་ཀྱི་ལས་འགན་ཧ་ཅང་ལྕི། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཀྲུང་གུང་ཀྲུང་དབྱང་གི་མགོ་ཁྲིད་བརྟན་པོའི་འོག་ཏུ། ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་མི་དམངས་སྲིད་གཞུང་གིས་ཞིང་ཆེན་ཡོངས་ཀྱི་གོང་འོག་ཡོངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་མངགས་བཅོལ་ཡིད་ལ་བརྟན་པོར་བཅངས་པ་དང་། དྲིན་ཚོར་བར་བྱས་ཏེ་ཡར་བརྩོན་བྱེད་པ། དཀའ་ངལ་གདོང་གིས་བསུ་བ། འགག་སྒྲོལ་དཀའ་སེལ། གོ་སྐབས་དམ་འཛིན། དངོས་འཛིན་དངོས་སྒྲུབ་བཅས་བྱས་ཏེ། བྱ་གཞག་སོ་སོར་ཕན་འབྲས་མངོན་གསལ་བླངས་ཏེ། དཔལ་འབྱོར་འཕེལ་རྒྱས་ཀྱི་སྔོན་དཔག་དམིགས་ཚད་གཙོ་བོ་ཁྱོན་ཡོངས་ནས་ལེགས་འགྲུབ་བྱས་པས། མཐོ་ས་འཛུགས་སྐྲུན་ཐད་གྲུབ་འབྲས་གསར་པ་ཐོབ་པ་དང་། “གནས་བཞིའི”འཛུགས་སྐྲུན་ལ་འགྲན་ལམ་གསར་པ་མངོན་ཞིང་། མི་རིགས་མཐུན་སྒྲིལ་ལ་རྣམ་པ་གསར་པ་བྱུང་བ་དང་། བཅོས་སྒྱུར་སྒོ་འབྱེད་ལ་གསོན་ཤུགས་གསར་པ་རྒྱས་ཤིང་། དམངས་ཚིས་བདེ་སྐྱིད་ལ་མཐོར་འདེགས་གསར་པ་ཐོབ་པ་དང་། ཡོམ་འགོག་གནོད་སེལ་ཐད་ཉམས་སད་གསར་པ་ཐེག་ཅིང་། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་ཐད་གོམ་སྟབས་བརྟན་པོ་སྤོས་ཡོད་པར་འདོད།

གྲོས་ཚོགས་སྟེང་བལྟས་ན། འདས་ཟིན་པའི་ལོ་གཅིག་གི་རིང་ལ། ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་མགོ་ཁྲིད་བརྟན་པོའི་འོག་ཏུ་སྐབས་བཅུ་གསུམ་པའི་ཞིང་ཆེན་སྲིད་གྲོས་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་སྲིད་གྲོས་བྱ་བར་ཤུགས་སྣོན་དང་ལེགས་བཅོས་བྱེད་པའི་སྐོར་གྱི་དགོངས་པ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་པ་དང་། མཐུན་སྒྲིལ་དང་དམངས་གཙོའི་བརྗོད་དོན་ཆེན་པོ་གཉིས་ཁོང་དུ་བརྟན་པོར་ཆུད་པར་བྱས་ཏེ། འབད་འབུངས་ཡར་བརྩོན་དང་། རང་འགན་གཙང་སྒྲུབ། ཁྱོན་ཡོངས་ཞབས་ཞུ་བཅས་བྱས་ནས་ཏང་གི་གསར་གཏོད་གཞུང་ལུགས་ཀྱིས་བསམ་བློའི་ཆབ་སྲིད་ཐད་ཁྲིད་སྟོན་བྱེད་ཤུགས་ཇེ་ཆེར་བཏང་བ་དང་། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་ལ་ཞབས་འདེགས་ཞུ་བར་བརྟེན་ནས་འགན་ནུས་བསྒྲུབས་པ།  མཐུན་སྒྲིལ་ཆེན་པོ་དང་མཉམ་འབྲེལ་ཆེན་པོར་བརྟེན་ནས་ནུས་ཤུགས་གཅིག་ཏུ་བསྒྲིལ་བ། སྲིད་གྲོས་ཀྱི་བྱ་བར་གྲུབ་འབྲས་གསར་པ་ལེན་པ་དང་རྣམ་པ་གསར་པ་གཏོད་རྒྱུར་སྐུལ་འདེད་བཏང་ནས་འགན་སྒྲུབ་ཀྱི་རྒྱུགས་ལན་ཕུལ་དུ་བྱུང་བ་ཕུལ་ཏེ་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་བྱས་རྗེས་གསར་པ་བཞག་ཡོད་པར་འདོད།

གྲོས་ཚོགས་སྟེང་བསྟན་དོན། མཚོ་སྔོན་ཞིང་ཆེན་ཏང་ཨུས་བསྡུས་པའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཆེས་ཆེ་བའི་ཆབ་སྲིད་འདི་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་དུས་རབས་གསར་པའི་གནས་ལུགས་ངོ་མ་འདིར་དམིགས་ཏེ། ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་ནན་ཏན་གྱིས་ལག་བསྟར་བྱས་ཤིང་། མཚོ་སྔོན་འཕེལ་རྒྱས་ཀྱི་གནས་བབ་ལས་འགན་དང་འགྲན་རྩོད་གོ་སྐབས་ལ་སྟངས་འཛིན་ཡང་དག་བྱས་ཏེ། ད་ལོའི་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་འབེན་གཙོ་བོ་དང་བྱ་བ་གཙོ་བོ་གཏན་ཁེལ་གསལ་བོ་བྱས་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་གསར་པ་རྩོམ་པའི་གདོང་མཆོང་དུང་བརྡ་བསྒྲགས་ཡོད། སྲིད་གཞུང་བྱ་བའི་སྙན་ཞུ་ཡི་ཆབ་སྲིད་ལངས་གནས་མཐོ་ལ། གྲུབ་འབྲས་སྤྱི་བསྡོམས་བྱས་པ་ལུགས་མཐུན་ཆ་ཚང་ཡིན་པ་དང་། བཀོད་སྒྲིག་བྱས་པ་ཚན་རིག་དང་མཐུན་ཞིང་གནད་ཁེལ་ཡིན་ལ།  བྱེད་ཐབས་བཏོན་པར་ཡིད་ཆེས་དང་བློ་སྤོབས་ཀྱིས་ཁེངས་ཡོད། དེས་ཀྲུང་གུང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། མཚོ་སྔོན་ཞིང་ཆེན་ཏང་ཨུ་བཅས་ཀྱི་བཀོད་སྒྲིག་གསར་པ་དང་བླང་བྱ་གསར་པ་མངོན་པར་མཚོན་ཡོད་པ་དང་། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོ་དང་ལས་རིགས་སོ་སོའི་བློ་འདོད་དང་རེ་སྒུག་ལ་ཕན་ཡོད་ཀྱི་ལན་བཏབ་ཡོད་པས། དར་ཆ་མཐོར་སྒྲེང་དང་། བརྩོན་སེམས་ཆེར་སྐྱེད། དངོས་སྒྲུབ་གཙོར་འཛིན། འཕེལ་རྒྱས་ཡར་སྐུལ་བཅས་ཀྱི་སྙན་ཞུ་བཟང་པོ་ཞིག་རེད་ཟེར། ཨུ་ཡོན་རྣམས་ཀྱིས་དུས་ནམ་ཡང་འབད་འབུངས་ཡར་བརྩོན་གྱི་སྙིང་སྟོབས་ཆེན་པོ་སྲུང་འཛིན་བྱས་ཏེ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་གཏན་ཁེལ་བྱས་པའི་དམིགས་འབེན་ལས་འགན་ལ་དམ་དུ་དམིགས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཇི་མ་ཇི་བཞིན་དུ་དངོས་འབེབས་དམ་འཛིན་བྱེད་པ་དང་། མྱུར་བ་མྱུར་དུ་དངོས་འབེབས་དམ་འཛིན་བྱེད་པ། བདེན་འཚོལ་དངོས་གཉེར་གྱིས་དངོས་འབེབས་དམ་འཛིན་བྱེད་པ། སྒྲུབ་ཕོད་སྒྲུབ་འདོད་ཀྱིས་དངོས་འབེབས་དམ་འཛིན་བྱེད་པ་བཅས་ཀྱི་བླང་བྱ་གལ་ཆེན་ལག་བསྟར་གཏིང་ཟབ་བྱས་ཏེ། ཏན་ཏན་ཏིག་ཏིག་གི་བྱ་བའི་གྲུབ་འབྲས་ལ་བརྟེན་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་གསར་པ་འབད་པས་རྩོམ་དགོས་ཟེར།

གྲོས་ཚོགས་སྟེང་ནན་གྱིས་བསྟན་དོན། ད་ལོ་ནི་ཀྲུང་གོ་གསར་པ་དབུ་བརྙེས་པ་དང་མི་དམངས་སྲིད་གྲོས་བཙུགས་ནས་ལོ་དོན་ལྔ་འཁོར་བའི་ལོ་ཡིན་ལ། ལོ་ལྔའི་འཆར་འགོད་བཅུ་བཞི་པའི་དམིགས་འབེན་ལས་འགན་མངོན་འགྱུར་བྱེད་པའི་གནད་འགག་གི་ལོ་ཞིག་ཡིན། ཞིང་ཆེན་ཡོངས་ཀྱི་སྲིད་གྲོས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་བ་དང་བརྗོད་དོན་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ། བློ་བརྟན་འགྱུར་མེད་ངང་ཏང་གི་གསར་གཏོད་གཞུང་ལུགས་ཀྱིས་བློ་སྒྲིལ་སེམས་སྐྱེད་བྱས་ནས་གཏན་ཕན་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ། རང་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོང་གཉིས་བཟང་པོར་སྒྲུབ་སྟེ། བསམ་བློ་དང་བྱ་སྤྱོད་གཉིས་ཏང་ཀྲུང་དབྱང་གི་སྲིད་ཇུས་བྱེད་ཕྱོགས་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཇུས་ཆོད་བཀོད་སྒྲིག་སྟེང་གཅིག་གྱུར་བྱེད་དགོས། བསམ་བློ་ཆབ་སྲིད་ཀྱི་སྣེ་ཁྲིད་ལ་ཤུགས་སྣོན་པ་དང་། ཞིང་ཆེན་ཡོངས་ཀྱི་ཚོགས་ཆེན་གཉིས་ཀྱིས་གཏན་ཁེལ་བྱས་པའི་དམིགས་འབེན་ལས་འགན་དེ་རིགས་སོ་སོ་དང་ལས་རིགས་སོ་སོའི་བསམ་བློའི་ཐུན་མོང་གི་ལྟ་བ་དང་རང་རྟོགས་འགུལ་སྐྱོད་དུ་བསྒྱུར་ནས། ཚང་མས་མཉམ་དུ་བསམ་གཞིགས་གཏོང་བ་དང་མཉམ་དུ་བྱ་བ་སྒྲུབ་པའི་རྣམ་པ་བཟང་པོ་གྲུབ་པར་བྱེད་དགོས། མཐུན་སྒྲིལ་ཆེན་པོ་དང་མཉམ་འབྲེལ་ཆེན་པོ་རྒྱུན་འཁྱོངས་བྱེད་པ་དང་། ཕྱོགས་སོ་སོའི་སྟོབས་ཤུགས་སྐུལ་སློང་རྒྱ་ཆེར་བྱེད་པ། མཚོ་སྔོན་ལ་རྒྱུས་ལོན་བྱེད་པ་དང་མཚོ་སྔོན་ལ་དགའ་ཞེན་བཅངས་པ། མཚོ་སྔོན་དར་རྒྱས་གཏོང་བའི་དུས་རབས་ཀྱི་འབོད་སྐུལ་མཉམ་དུ་སྒྲོག་པ། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་དམིགས་འབེན་གལ་ཆེན་མངོན་འགྱུར་བྱེད་དགོས། གྲོས་མོལ་དམངས་གཙོར་སྐུལ་འདེད་གཏོང་བ་དང་། གཏམ་ལམ་ཡངས་འབྱེད་དང་ཐབས་བཟང་མང་འདོན། བློ་རིག་ཀུན་བསྡུས་བྱེད་པ། རང་གི་རྒྱན་གྱིས་རང་ཉིད་བརྒྱན། ། གཞན་གྱི་རྒྱན་ཡང་རྒྱན་དུ་འཛིན།། རྒྱན་ཐོག་རྒྱན་བརྩེགས་ཀུན་ཏུ་མཛེས།། ཞེས་པའི་ཐུན་མོང་ལྟ་བའི་གྲུབ་འབྲས་ལ་བརྟེན་ནས། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ལས་འགན་གཙོ་བོར་ཞབས་འདེགས་སྔར་ལས་བཟང་པོ་ཞུ་དགོས། བདེན་འཚོལ་དངོས་གཉེར་གྱི་འགན་སྒྲུབ་ཁྲིད་ཕྱོགས་བརྟན་པོར་འཛུགས་པ་དང་། ལས་བྱེད་པས་སྒྲུབ་དགོས་པ་དང་བསམ་ཕྱོགས་གསལ་དགོས་པ། རང་གཅུན་ནན་མོ་བྱེད་དགོས་པའི་བྱ་བའི་བླང་བྱ་ལག་བསྟར་བྱེད་པ། དགོས་མཁོའི་དུས་སུ་བློ་འདོན་པ་དང་གནད་ལ་འཁེལ་བར་སྲིད་གླེངབ། གནད་འགག་ཐད་དུ་ལྟ་སྐུལ་བྱེད་པའི་ནུས་པ་དང་ཆུ་ཚད་ཧུར་ཐག་གིས་མཐོར་འདེགས་གཏོང་བ། སྤུས་ཚད་མཐོ་བའི་འགན་སྒྲུབ་ལ་བརྟེན་ནས་མཚོ་སྔོན་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བཏང་སྟེ། སྤྱི་ཚོགས་རིང་ལུགས་ཀྱི་གྲོས་མོལ་དམངས་གཙོའི་གསོན་ཤུགས་དང་ཁྱད་འཕགས་དགེ་མཚན་མངོན་པར་བྱེད་དགོས།

གྲོས་ཚོགས་སྟེང་ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་སྲིད་གྲོས་རྩ་འཛུགས་དང་སྲིད་གྲོས་སུ་ཞུགས་པའི་ལས་ཁུངས་སོ་སོ། རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་བཅས་ཀྱིས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཀྲུང་གུང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་སྔར་ལས་དམ་པོ་བྱས་ཏེ། ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་མགོ་ཁྲིད་བརྟན་པོའི་འོག བློ་སེམས་རྩེ་གཅིག་དང་རྒྱུན་མཐུད་འབད་འཐབ་བྱེད་པ་དང་། ངར་སེམས་ཆེར་སྐྱེད་དང་དཀའ་སྤྱད་དངོས་སྒྲུབ་བྱས་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་གསར་པ་ཧུར་ཐག་གིས་འབྲི་ཆེད་བྱས་རྗེས་སྔར་ལས་ཆེ་བའི་བྱས་རྗེས་གསར་པ་འཇོག་དགོས་པའི་འབོད་སྐུལ་བཏང་།

རྩོམ་སྒྲིག་པ། ནམ་མཁའ་ཚེ་རིང་།